བོད་སྐྱེ་རྒུ་མདོའི་ས་ཡོམ་འོག་འདས་པོའི་ཆེད་སྨོན་ལམ།
2010.06.02
༄༅༎ཉི་ཧོང་ནང་བོད་རིགས་དང་ཉི་ཧོང་མི་མང་རྣམས་ཀྱིས་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆགས་ཕོག་ནས་རྐྱེན་འདས་སུ་ཕྱིན་པའི་རང་རིགས་ཚོའི་ཞེ་དགུའི་སྨོན་ལམ་ཚོགས་ཡོད་པ་དང་ ཕྱི་ཚེས་༢ཉིན་ཉི་ཧོང་བོད་ཁང་གིས་གོ་སྒྲིག་འོག་བོད་མི་དང་ས་གནས་ཉི་ཧོང་བ་མི་གྲངས་ལྔ་ཅུ་ལྷག་གྱིས་ས་ཡོམ་གྱི་གོད་ཆགས་འོག་རྐྱེན་འདས་སུ་ཕྱིན་པ་ཚོའི་ཞག་བཞི་བཅུ་ཞེ་དགུའི་སྨོན་ལམ་དུ་ཤེས་རབ་སྙིང་པོ་དང་ སྒྲོལ་བསྟོད་ མ་ནི་བཅས་གསུང་འདོན་གནང་ཡོད་པ་རེད་
དེའི་སྐབས་ཉི་ཧོང་དང་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་ཅོད་ལས་ཁང་གི་དྲུང་ཆེ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཞེ་དགུ་སྨོན་ལམ་གལ་གནད་ཆེ་ཚུལ་ངོ་སྤྲོད་གནང་བ་དང་ ཕྱོགས་མཚུངས་ཕྱི་ཟླ་བཞི་པའི་ནང་ཉི་ཧོང་མི་མང་ཚོས་སྐྱེ་རྒུ་མདོར་ངལ་སེལ་རོགས་སྐྱོར་ཆེད་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་ལ་ཞལ་འདེབས་ཉི་ཧོང་གི་སྒོར་ཁྲི་ཉིས་བརྒྱ་ཉི་ཤུ་རྩ་གཅིག་དང་བརྒྱད་སྟོང་ལྷག་གནང་བ་དེ་དོན་གཅོད་ལས་ཁང་གིས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བཞི་བཅུ་བཞི་ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་ལ་བཏང་ཟིན་པ་དང་ ཕྱི་ཟླ་ལྔ་པའི་ཞལ་འདེབས་ཉི་ཧོང་གི་སྒོར་ཁྲི་བརྒྱ་དང་བཅུ་བདུན་ལྷག་ཙམ་བྱུང་བ་དེ་ཡང་གང་མགྱོགས་བཏང་འཆར་ཡོད་པའི་སྐོར་གསུང་འདུག
དེ་དང་འབྲེལ་ཁ་ས་རྒྱ་ནག་གི་དཔོན་རིགས་ཞིའི་ཅིང་བིང་ས་ཡོམ་གྱི་གོད་ཆགས་ཕོག་ཡུལ་སྐྱེ་རྒུ་མདོ་ཁུལ་དུ་ཕེབས་ཡོད་པ་དང་དེའི་སྐབས་ ས་གནས་མི་མང་ཚོས་ས་གནས་ནང་འཛུགས་སྐྲུན་སླར་གསོའི་ལས་དོན་སྤེལ་རྒྱུའི་ནང་ས་གནས་མི་མང་ཚོར་རང་ཉིད་གནས་སྡོད་བྱེད་སར་ཁང་པ་གསར་རྒྱག་མ་བཅུག་པར་གཅིག་གྱུར་གྱིས་རྒྱ་མིའི་ཨར་ལས་འཛུགས་སྐྲུན་གཉེར་མཁན་ཚོར་ཨར་ལས་འཛུགས་སྐྲུན་སྤེལ་བཅུག་ཏེ་ ས་གནས་མི་མང་ཚོ་གཅིག་གྱུར་གྱི་ཁང་པའི་ནང་གནས་སྤོ་བྱ་གཅུག་རྒྱུའི་འཆར་གཞི་ཡོད་པ་ས་གནས་མི་མང་གིས་ཤེས་རྟོགས་བྱུང་ནས་ ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག