མཐོ་སྒང་བོད་ནས་གནའ་བོའི་རྟའི་རུས་སྒྲོམ་རྙེད་སོན།
2012.04.25
༄༅༎བོད་མཐོ་སྒང་གི་ས་འོག་ནས་རྨིག་པ་གསུམ་ལྡན་གྱི་གནའ་བོའི་རྟའི་རུས་སྒྲོམ་བརྙེད་སོན་བྱུང་བ་དེས་མི་ལོ་ས་ཡ་ལྔའི་གོང་བོད་ཀྱི་ས་གཞིའི་ཆགས་རབས་དང་དེའི་ཁུལ་གནས་པའི་སྲོག་ཆགས་སྐོར་བརྟག་དཔྱད་ཞིབ་འཇུག་བྱེད་ཡག་གི་ལེའུ་གསར་པ་ཞིག་སྒོ་ཕྱེས་འདུག།
རྨིག་པ་གསུམ་ལྡན་གྱི་རྟའི་རུས་སྒྲོམ་དེ་བཞིན་བོད་ལྷོ་ཤར་ཁུལ་ཧི་མ་ལ་ཡའི་རི་རྒྱུད་ཉེ་འཁྲིས་ཛན་ཌ་ལུང་གཤོང་ཁུལ་ནས་འཚོལ་རྙེད་ཐུབ་པ་བྱུང་འདུག།
བོད་ཀྱི་ས་འོག་ནས་ཐོན་པའི་རྟའི་རིགས་དེ་ནི་ལོ་ངོ་ས་ཡ་༤དང་འབུམ་༥གོང་བྱུང་བའི་རྟགས་མཚན་ཡོད་པ་དང༌། རྨིག་པ་གསུམ་ལྡན་གྱི་རྟ་དེ་བཞིན་གནའ་སྔ་མོའི་འཛམ་གླིང་ཐོག་གི་ཧི་པ་རིཡོན་ཞེས་པའི་རྟའི་རྒྱུད་པ་ཞིག་ཡིན་སྐོར་ ཨ་རིའི་ལོ་སེ་ཨེན་ཇེ་ལེསི་ཁུལ་གྱི་རང་བཞིན་ལོ་རྒྱུས་འགྲེམས་སྟོན་ཁང་གི་ཞིབ་འཇུག་པ་ཚོས་འགྲེལ་བརྗོད་གནང་བཞག།
ལོ་སེ་ཨེན་ཇེ་ལེསི་ཁུལ་གྱི་རང་བཞིན་ལོ་རྒྱུས་འགྲེམས་སྟོན་ཁང་གི་ཞིབ་འཇུག་པ་ཤའོ་མིང་ལྦང་གིས་ཚན་རིག་དུས་དེབ་Live Science ལ། ང་ཚོར་ལོ་ངོ་ས་ཡ་མང་པོ་ཕྱིན་པའི་རྟའི་རིགས་ཀྱི་རུས་སྒྲོམ་རྙེད་གསོན་བྱུང་བ་དེ་ནི་ཤིང་ནགས་རྩ་བ་ནས་མེད་པའི་ཡངས་ཞིང་རྒྱ་ཆེ་བའི་རྩྭ་ཐང་ཐོག་འཚོ་གནས་བྱེད་མཁན་གྱི་རྟའི་རིགས་ཤིག་ཡིན་པ་ཤེས་རྟོགས་བྱུང་ཞེས་འགྲེལ་བརྗོད་བྱས་འདུག། བོད་མཐོ་སྒང་དེ་བཞིན་ས་སྟེང་འདིའི་ཐོག་གི་མཐོ་སྒང་མཐོ་ཤོས་དང་གསར་ཤོས་དེ་ཡིན་ཞིང༌། སའི་མཐོ་ཚད་རྒྱ་མཚོའི་ངོས་ནས་མི་ཊར་༤༥༠༠ཙམ་ལ་ཆགས་ཡོད་པ་རེད། རྨིག་པ་གསུམ་ལྡན་གྱི་རྟའི་རུས་སྒྲོམ་བོད་ནང་རྙེད་སོན་བྱུང་བ་དེས་ བོད་ཀྱི་ས་གཞིའི་ཆགས་རབས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱ་རྒྱུར་ཕན་ཐོགས་ཡོད་པ་ཞིག་ཡིན་པ་མ་ཚད། བོད་མཐོ་སྒང་དེ་བཞིན་རྒྱ་མཚོའི་ནང་འབུར་ཐོན་བྱས་པ་དེས་འཛམ་གླིང་གྱི་གནམ་གཤིས་འགྱུར་ལྡོག་གི་རྒྱུ་རྐྱེན་གལ་ཆེ་ཞིག་ཡིན་པ་དང་གླིང་ཆེན་ཨེ་ཤི་ཡའི་ནང་ཆར་ཤོས་ཀྱི་ནམ་དུས་ཚུགས་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་ཞིབ་འཇུག་གནང་མཁན་ཚོས་ངོས་འཛིན་གནང་བཞག། ཡང་ཞིབ་འཇུག་པ་ཚོས་ རྨིག་པ་གསུམ་ལྡན་གྱི་གནའ་བོ་རྟའི་རིགས་དེ་ནི་དེང་སང་བོད་བྱང་ཐང་ཁུལ་ཡོད་པའི་རི་དྭགས་རྐྱང་དང་ཕལ་ཆེར་འདྲ་པོ་ཡོད་པའི་ཚོད་དཔག་གནང་བཞག།