པེ་ཅིང་དུ་བོད་དོན་རྒྱབ་སྐྱོར་བས་སླར་ཡང་སྐད་འབོད་བྱས་འདུག

པེ་ཅིང་དུ་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཕྱི་རྒྱལ་མི་རིགས་ཡིན་པའི་ཚོགས་མི་བཞིས་བོད་ཀྱི་རྒྱལ་དར་འཕྱར་ནས་སྐད་འབོད་བྱས་འདུག

2008.08.21

༄༅༎ཕྱི་ཚེས་༢༡ཉིན་པེ་ཅིང་གི་ཨོ་ལིམ་པིག་རྩེད་འགྲན་གྱི་བྱིའུ་ཚང་དབྱིབས་ཅན་གྱི་རྩེད་རའི་ལྷོ་ཕྱོགས་སུ་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཕྱི་རྒྱལ་མི་རིགས་ཡིན་པའི་ཚོགས་མི་བཞིས་བོད་ཀྱི་རྒྱལ་དར་འཕྱར་ནས་བོད་རང་བཙན་ཞེས་པའི་སྐད་འབོད་བྱས་ཡོད་འདུག

དེ་ཡང་བོད་རང་དབང་སློབ་ཕྲུག་ཚོགས་པས་གསར་བསྒྲགས་ཤིག་ཕྱིར་བསྒྲགས་བྱས་ཡོད་པའི་ནང༌། གོང་ཞུས་པེ་ཅིང་ཨོ་ལིམ་པིག་རྩེད་རྭའི་ཕྱི་ཕྱོགས་སུ་བོད་ཀྱི་རྒྱལ་དར་འཕྱར་ནས་བོད་རང་བཙན་གྱི་ངོ་རྒོལ་སྐད་འབོད་བྱེད་མཁན་མི་སྣ་བཞི་པོ་དེ་ནི་འཇར་མན་གྱི་མི་སེར་ཡིན་པའི་བོད་མི་ཞིག་དང༌ དེ་བཞིན་ཨ་རི་བ་གཉིས་དང་དབྱིན་ཇིའི་མི་གཅིག་བཅས་ཡིིན་པ་དང༌། ཁོང་རྣམ་པ་བཞིས་སྐད་འབོད་བྱས་མ་ཐག་པེ་ཅིང་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་འཁོད་འདུག ཕྱིར་བསྒྲགས་དེའི་ནང་ད་དུང་འཁོད་པར་ པེ་ཅིང་ཉེན་རྟོག་ལས་ཁང་གིས་འདས་པའི་ཉིན་གྲངས་ཁ་ཤས་ནང་ངོ་རྒོལ་རྔམ་སྟོན་བྱེད་སྲིད་པའི་ས་ཁུལ་ཁག་ནང་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་འཁོད་འདུག རྒྱ་ནག་གཞུང་གིས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་རིང་ས་ཁུལ་ཁག་གསུམ་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཆོག་པའི་གཏན་འབེབས་ས་ཁུལ་བཟོས་ཡོད་ལུགས་ཕྱིར་བསྒྲགས་བྱས་ཡོད་ན་ཡང༌། ས་ཁུལ་དེ་གསུམ་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་ད་བར་གཅིག་ཀྱང་བྱུང་མེད་ཅིང༌། དེ་གཙོ་བོ་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་པེ་ཅིང་ཉེན་རྟོག་བདེ་འཇགས་ལས་ཁང་གི་ཆོག་མཆན་དགོས་ཀྱི་ཡོད་པ་དང༌། ངོ་རྒོལ་གྱི་ལས་འགུལ་སྤེལ་ཆོག་པའི་ཆོག་མཆན་ཞུ་མཁན་ཁག་༧༧ཙམ་བྱུང་ཡོད་ན་ཡང་ད་བར་གཅིག་ལ་ཡང་ཆོག་མཆན་ཐོབ་མེད་པ་རེད། བོད་རང་དབང་སློབ་ཕྲུག་ཚོགས་པས་ཨོ་ལིམ་པིག་རྩེད་འགྲན་སྤེལ་ནས་ད་བར་ཉིན་གྲངས་བཅུ་གྲངས་རིང་ངོ་རྒོལ་གྱི་ལས་འགུལ་ཐེངས་མང་པོ་ཞིག་སྤེལ་ཡོད་པ་དང༌། ངོ་རྒོལ་གནང་མཁན་སློབ་ཕྲུག་ཚོགས་པའི་ཚོགས་མི་མང་ཆེ་བ་ཕྱི་རྒྱལ་གྱི་མི་རིགས་ཡིན་པར་བརྟེན་ནས་ ཁོང་ཚོས་ངོ་རྒོལ་གནང་སྐབས་རྒྱ་ནག་ཉེན་རྟོག་པས་འཇུ་བཟུང་བྱས་ནས་དུས་ཐུང་ནང་རང་ཡུལ་དུ་ཕྱིར་སློག་གཏོང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎