བོད་ནག་ཆུ་སོག་རྫོང་དུ་བོད་མི་གཉིས་ལ་ཁྲིམས་བཅད།
2009.12.03
༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་ནག་ཆུ་ས་གནས་ཀྱི་སོག་རྫོང་ཁུལ་དུ་བོད་མི་གཉིས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོའི་སྐོར་གྱི་གནས་ཚུལ་དྲ་རྒྱའི་ཐོག་བཀོད་པའི་ནག་ཉེས་ཉེས་འཛུགས་ཀྱིས་ཉེ་ཆར་མི་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་བཞག འདི་གར་བཙན་བྱོལ་ནང་དུ་གནས་སྡོད་གནང་མཁན་ནག་ཆུ་སོག་རྫོང་ནས་ཡིན་པའི་ངག་དབང་ཐར་པ་ལགས་ཀྱིས་ཕ་ཡུལ་དྲ་རྒྱའི་གསར་འགོད་པར་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན་ཁ་སྔོན་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ་མི་ལོ་༦༠འཁོར་བའི་དུས་དྲན་སྲུང་བརྩི་བྱེད་པའི་ཉིན་དེར་རྒྱ་མི་ཚོས་གླེང་མོལ་བྱེད་ཡུལ་གྱི་དར་གསོ་ཆེ་བའི་དྲ་རྒྱ་ཁིའུ་ཁིའུ་ཟེར་བའི་ཐོག་སོག་རྫོང་ཁུལ་གྱི་བོད་མི་ན་གཞོན་བཞིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་བཀའ་སློབ་བཀོད་སྤེལ་བྱས་པའི་ནག་ཉེས་ཉེས་འཛུགས་ཀྱིས་རྒྱ་ནག་གཞུང་གིས་དེ་ཉིན་ཁོང་བཞི་འཛིན་བཟུང་བྱས་པའི་གྲས་ནས་ལོ་ན་༢༥ཡིན་པའི་རྒྱལ་སངས་ལགས་དང་ལོ་ན་༢༤ཡིན་པའི་ཉི་མ་དབང་ཕྱུག་ལགས་གཉིས་ལ་ཉེ་ཆར་མི་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་རེད། ཡིན་ནའང་ལོ་ན་༢༥ཡིན་པའི་ཡེ་ཤིས་ནམ་མཁའ་ལགས་དང་ཨ་ནེ་ཞུ་བ་གཉིས་ད་ལྟ་ཉེས་ཆད་ཐག་གཅོད་བྱ་རྒྱུ་ཡིན་ཞིང་རྒྱ་ནག་གཞུང་གིས་ཁོང་ཚོ་བཞི་པོའི་ཕ་མ་སྤུན་མཆེད་དང་ནང་མི་ཚོ་ཐུག་འཕྲད་བྱེད་དུ་བཅུག་མེད་པར་བརྟེན་ཉེས་ཆད་ཐག་གཅོད་མ་བྱུང་བའི་བོད་མི་གཉིས་པོ་བཙོན་ཁང་ནང་དུ་ཉེས་རྡུང་དང་མནར་གཅོད་མི་བཟོད་པའི་དཀའ་ངལ་མྱོང་བཞིན་ཡོད་པའི་སེམས་ཁྲལ་ཆེན་པོ་ཡོད་པ་རེད། རྒྱ་ནག་གཞུང་གིས་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་མོ་དེར་བོད་ཀྱི་ས་ཁུལ་ནང་དུ་དམག་དཔུང་འགྲེམས་འཇོག་བྱས་པ་སོགས་སྲུང་སྐྱོབ་དམ་བསྒྲགས་ཆེན་པོ་བྱས་ཏེ་སྲུང་བརྩི་ཞུས་པའི་སྐབས་བོད་མི་བཞི་པོ་ཁོང་ཚོའི་སྡོད་གནས་ནག་ཆུ་སོག་རྫོང་གི་གྲོང་གསེབ་ནང་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཁོང་ཚོ་བཞི་ནི། རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱེད་པའི་ཕྱི་རྒྱལ་ཁ་བྲལ་རིང་ལུགས་པ་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་ཉེས་པ་བཙུགས་ཡོད་པ་རེད། ད་དུང་རྒྱ་ནག་གི་རྒྱལ་དོན་དུས་ཆེན་ཉིན་ལྷ་ས་གྲོང་ཁྱེར་ནང་ནས་འཛིན་བཟུང་བྱས་པའི་སོག་རྫོང་ནས་ཡིན་པའི་དགེ་འདུན་པ་ཐུབ་བསྟན་ལགས་ག་པར་ཡོད་མེད་ཤེས་རྟོགས་མེད་པ་དང། དེ་བཞིན་ན་ནིང་ཕྱི་ཟླ་གསུམ་པའི་རྔམ་སྟོན་ངོ་རྒོལ་ནང་ཐེ་ཇུས་ཡོད་པའི་ཉེས་འཛུགས་ཀྱིས་སོག་རྫོང་ནས་འཛིན་བཟུང་བྱས་པའི་ངག་དབང་བློ་གྲོས་ལགས་དང། ཚུལ་ཁྲིམས་བསྟན་དར་ལགས། ཆམ་བུ་འགྲོ་ཐུབ་ལགས། མཆོག་བསྟན་ཚུལ་ཁྲིམས་ལགས། བསོད་ནམས་རྒྱལ་པོ་ལགས་ཀྱི་གནས་སྟངས་སྐོར་ཤེས་རྟོགས་མེད་པར་གྱུར་ཡོད་པ་མ་ཟད། ཉེས་ཆད་ཀྱང་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།