བོད་ཁམས་ནག་ཆུ་ཁུལ་བོད་མི་གསུམ་འཛིན་བཟུང་བྱས་ཡོད་པ།
2009.10.17
༄༅༎ཕ་ཡུལ་དྲ་གནས་ནང་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན་ཁམས་ནག་ཆུ་མངའ་ཁུལ་གྱི་ར་རྡ་ཞེས་པའི་གྲོང་གསེབ་ནས་ཟླ་བ་འདིའི་ཚེས་གཅིག་ཉིན་བོད་མི་གཞོན་སྐྱེས་ལོ་ན་ཉི་ཤུ་རྩ་ལྔ་ཡིན་པའི་རྒྱལ་མཚན་དང་ལོ་ན་གཅིག་མཚུངས་ཡིན་པའི་ཡེ་ཤེས་ནམ་མཁའ་དེ་བཞིན་ལོ་ན་ཉི་ཤུ་རྩ་བཞིར་སོན་པའི་ཉི་མ་དབང་ཕྱུག་བཅས་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ད་ཆ་ཁོང་གསུམ་གར་ཡོད་སུས་ཀྱང་ཤེས་རྟོག་མེད་པའི་གནས་ཚུལ་ཞིག་བཙན་བྱོལ་ནང་ཡོད་པའི་ཁམས་ནག་ཆུ་ནས་ཡིན་པའི་ངག་དབང་ཐར་པ་ལགས་ནས་གནས་ཚུལ་ངོ་སྤྲོད་གནང་ཡོད་འདུག
ཉི་མོ་དེ་ནི་རྒྱ་ནག་གུང་བྲན་སྲིད་གཞུང་འགོ་བཙུགས་ནས་ལོ་ངོ་དྲུག་བཅུ་ཐམ་པ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པའི་ཉི་མོ་ཡིན་པར་བརྟེན་བོད་ས་གང་སར་དམ་བསྒྲགས་ཧ་ཅང་ཤུགས་ཆེན་པོ་ཡོད་མུས་ཡིན་པ་ལྟར་གོང་ཞུས་གཞོན་སྐྱེས་གསུམ་པོས་ཉི་མོ་དེར་༸གོང་ས་མཆོག་གི་སྐུ་པར་དང་སྲིད་བྱུས་བཀའ་སློབ་གནང་བའི་ནང་དོན་ཁག་ཅིག་དྲ་རྒྱ་ནང་བཏོན་ཡོད་པ་མ་ཟད་ཕྱི་ཕྱོགས་ཀྱི་ཁ་བྲལ་བ་ཚོ་དང་འབྲེལ་བ་བྱེད་ཀྱི་ཡོད་པའི་ཉེས་བཙུགས་བྱས་ཏེ་འཛིན་བཟུང་བྱས་པ་ཞིག་ཡིན་འདུག
རྒྱ་ནག་གཞུང་ནས་ཁ་པར་བརྒྱུད་ལམ་དང་གློག་རྡུལ་དྲ་རྒྱ་སོགས་ལ་དམིགས་བསལ་གྱི་དམ་བསྒྲགས་བྱེད་ནས་ས་ཁུལ་གང་སར་ས་སྲུང་དམག་མི་དང་ཉེན་རྟོག་པས་འགྲིམས་འགྲུལ་བྱེད་མི་ཚོར་ངོ་སྤྲོད་ལག་འཁྱེར་ཞིབ་བཤེར་དང་དམ་བསྒྲགས་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པའི་ཆ་ནས་གོང་ཞུས་གནས་ཚུལ་རྣམས་ཤེས་རྟོག་ཐུབ་རྒྱུར་ད་བར་ཉིན་གྲངས་བཅོ་ལྔ་ཙམ་འགྱངས་ཡོད་པའི་སྐོར་ཡང་འགྲེལ་བརྗོད་གནང་འདུག བོད་ནང་གི་ས་ཁུལ་གང་སར་ཟླ་བཅུ་པའི་ཚེས་གཅིག་རྗེས་སུ་དམ་བསྒྲགས་ཤུགས་ཆེན་པོ་བྱས་དང་བྱེད་བཞིན་ཡོད་པ་རེད༎