བོད་མི་བལ་ཡུལ་ནས་ཐོན་དགོས་པའི་བཀོད་ཁྱབ།
2012.01.15
༄༅༎རྒྱ་གར་དུ་གནས་མཇལ་ཞུས་ཏེ་བལ་ཡུལ་བརྒྱུད་བོད་དུ་ཕྱིར་ལོག་བྱེད་མཁན་བོད་མི་༢༠༧ རེས་གཟའ་ཕུར་བུའི་ཕྱི་དྲོ་དང་རེས་གཟའ་པ་སངས་ཉིན་བལ་པོའི་ཉེན་རྟོག་པས་Thankot ཞིབ་བཤེར་ས་ཚུགས་ནས་འཛིན་བཟུང་བྱས་པ་རྣམས་ཉིན་མ་གསུམ་ནང་ཚུད་ལ་བལ་ནས་ཐོན་དགོས་པའི་བཀོད་ཁྱབ་བཏང་ཡོད་པའི་སྐོར་ཕྱི་ཚེས་༡༤ ཉིན་དྲ་རྒྱ་ཞིག་གི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
བལ་པོའི་ཉེན་རྟོག་དཔོན་རིགས་ཤིག་གིས་བཤད་པར་གཞིགས་ན། ཁོང་ཚོས་Thankot ས་ཚུགས་སུ་རྒྱུན་ལྡན་བྱེད་སྒོ་བཞིན་ཞིབ་བཤེར་བྱེད་པའི་སྐབས་ཁོང་ཚོར་འགྲིམས་འགྲུལ་བྱེད་ཆོག་པའི་ཐོངས་མཆན་ལག་འཁྱེར་མེད་པ་དང༌། དེའི་ནང་དུ་སྐྱེས་པ་༡༢༦ དང་དེ་འཕྲོས་རྣམས་བུད་མེད་ཡིན་པ་བཤད་ཡོད་པ་དང༌། ད་དུང་ཁོང་གིས། རྒྱ་གར་ནས་བལ་ཡུལ་དུ་འཛུལ་མཁན་བོད་མི་བླུགས་པའི་མོ་ཊ་སྣུམ་འཁོར་དྲུག་དང༌། Jeep གཅིག མོ་ཊ་ཆུང་བ་གཅིག་བྱས་ཡོད་པ་དེ་དག་ནང་ནས་མོ་ཊ་ལྔ་ནི་རྒྱ་གར་གྱི་མོ་ཊའི་ཨང་གྲངས་དང༌། དེ་འཕྲོས་རྣམས་བལ་ཡུལ་གྱི་མོ་ཊའི་ཨང་གྲངས་ཡིན་འདུག
བོད་མི་གང་ཞིག་ཐོག་མར་བོད་ནས་ཐོན་པའི་སྐབས་བལ་ཡུལ་དུ་འཛུལ་ཆོག་པའི་ཐོངས་མཆན་ལག་འཁྱེར་ཡོད་ཀྱང་ཁོང་ཚོས་རྒྱ་གར་ནང་དུ་འཛུལ་ཆོག་པའི་ཐོངས་མཆན་ལག་འཁྱེར་ཡིག་ཆ་གང་ཡང་མེད་པར། བལ་ཡུལ་ནས་རྒྱ་གར་གྱི་Bihar མངའ་སྡེའི་ནང་ཆགས་པའི་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཞུ་བར་བསྐྱོད་པའི་སྐོར་བཤད་ཡོད་པ་རེད། རྩ་བའི་བོད་མི་འཛིན་བཟུང་བྱས་པ་དེ་རྣམས་རེས་གཟའ་པ་སངས་ཉིན་རྒྱལ་ས་ཀ་ཐ་མ་གྲུར་ཡོད་པའི་ཕྱི་མི་གཞིས་སྤོས་ལས་ཁུངས་སུ་རྩིས་སྤྲོད་བྱས་པའི་རྗེས། གློད་བགྲོལ་བཏང་ཡོད་པ་མ་ཟད། ཁོང་ཚོ་ཚང་མས་ཉིན་མ་གསུམ་ནང་ཚུད་ལ་བལ་ཡུལ་ནས་ཐོན་དགོས་པའི་བཀོད་ཁྱབ་བཏང་བ་བཞིན་ཁས་ལེན་བྱས་ཡོད་པའི་སྐོར་དང༌། བོད་མི་ཁག་ཅིག་ལ་ཕྱི་ཟླ་གཉིས་པ་བར་བལ་ཡུལ་ནང་དུ་སྡོད་ཆོག་པའི་ཐོངས་མཆན་ལག་འཁྱེར་ཡོད་ཀྱང་ཁོང་ཚོར་ཡང་ཉེས་ཆད་ཀྱི་ཚུལ་དུ་དུས་ཚོད་ཐུང་ངུ་དེའི་ནང་བལ་ཡུལ་ནས་ཐོན་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད།།