བོད་ཁམས་རྫ་ཆུ་ཁར་བོད་མི་ཉི་ཤུ་ཙམ་འཛིན་བཟུང༌།
2009.09.03
༄༅༎བོད་ཀྱི་ཁམས་རྫ་ཆུ་ཁ་གསེར་ཤུལ་རྫོང་ནང་བོད་མི་རྣམས་ཀྱིས་རྒྱ་ནག་ལ་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་བསྟན་པའི་རྒྱུ་རྐྱེན་གྱིས་བོད་མི་ཉི་ཤུ་ལྷག་ཙམ་རྒྱ་ནག་གིས་ཉེ་སྔོན་དམ་བསྒྲགས་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་འབྲེལ་ཡོད་མི་སྣས་གནས་ཚུལ་གནང་དོན་ལྟར་ན་ཕྱི་ཟླ་བརྒྱད་པའི་ཚེས་ཉི་ཤུ་བརྒྱད་ཉིན་རྫ་ཆུ་ཁའི་ས་ཁུལ་དུ་གནས་པའི་ལྕགས་རྩ་དགེ་འཕེལ་གླིང་ཞུས་པའི་དགོན་པའི་འདུ་ཁང་གསར་པ་སྒོ་འབྱེད་ཀྱི་དུས་སྟོན་ཐོག་བོད་མི་མང་པོ་ཞིག་འདུ་འཛོམས་གནང་ཡོད་ཅིང་སྐབས་དེར་ཐར་ཤུལ་སྡེ་པའི་རང་ལོ་བཅུ་བཞི་ཡིན་པའི་ཕྲུ་གུ་དམ་ཆོས་དང་ཁོང་གི་སྤུན་བསོད་ནམས་ཡོན་ཏན་རང་ལོ་བཅུ་ཡིན་པ་གཉིས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆེ་བསྟོད་ཀྱི་གླུ་གཞས་བཏང་ཡོད་པ་རེད་འདུག ཉིན་གཅིག་གི་རྗེས་སུ་གཞས་བཏང་མི་བུ་ཕྲུ་གཉིས་རྒྱ་ནག་གི་ཉེན་རྟོག་དམག་མིས་འཛིན་བཟུང་བྱས་འདུག སྐབས་དེར་བོད་མི་ཁག་ཅིག་གིས་ཉེན་རྟོག་ལས་ཁང་མདུན་དུ་ངོ་རྒོལ་བྱས་པ་དང་རྒྱ་ནག་གི་རྒྱལ་དར་མར་ཕབ་ནས་བོད་རང་བཙན་གྱི་བརྗོད་བྱ་བཀོད་པའི་ཡིག་ཆ་འགྲེལ་བརྗོད་གནང་འདུག དེར་བརྟེན་ས་གནས་ཀྱི་ཉེན་རྟོག་ལས་ཁང་གིས་ཞིབ་འཇུག་བྱས་པའི་རྗེས་སུ་ལྕགས་ཚ་དགེ་འཕེལ་གླིང་དགོན་པའི་སྤྲུལ་སྐུ་བདེ་ཆེན་འཕྲིན་ལས་རིན་པོ་ཆེ་དང་དགེ་བསྐོས་ཐབས་འབོ་དང་གཞན་ཡང་བོད་མི་ཡ་གར་དང་ཟླ་བ་ ཉི་མེད་ ལོ་ཡག་ འཕྲིན་ལས་ཉི་མ་ ཟླ་འཇམ་ ཐུབ་བུ་ བསོད་ནམས་ ཐར་ཤོང་ ཞི་བ་སོགས་ཁྱོན་བསྡོམས་མི་གྲངས་ཉི་ཤུ་ཙམ་འཛིན་བཟུང་བྱས་ཡོད་འདུག དེ་ཡང་ཕ་ཡུལ་རྫ་ཆུ་ཁ་ནས་ཡིན་པའི་སེ་ར་བྱ་བྲལ་ཁང་ཚན་གྱི་དགེ་འདུན་པ་བསོད་ནམས་གྲགས་པ་ལགས་ཀྱིས་གནས་ཚུལ་འདིའི་སྐོར་འགྲེལ་བརྗོད་གནང་འདུག
དེ་མ་ཟད་ཁམས་རྫ་ཆུ་ཁའི་ས་ཁུལ་དུ་རྒྱ་ནག་གི་ཉེན་རྟོག་དམག་དཔུང་འབོར་ཆེན་འབྱོར་ནས་ས་གནས་སུ་བསྔོགས་བཤེར་ཞིབ་འཇུག་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་འདུག།