ད་རེས་གྲོས་ཚོགས་འཚོགས་མ་ཐུབ་པའི་གནས་སྟངས་འོག་སྤྱི་འཐུས་རྣམ་པར་འགྲོ་གྲོན་གཏོང་སྟངས་སྒྲིག་གཞི་ཁ་གསལ་མེད་པ་རེད་འདུག

2023.09.29
ད་རེས་གྲོས་ཚོགས་འཚོགས་མ་ཐུབ་པའི་གནས་སྟངས་འོག་སྤྱི་འཐུས་རྣམ་པར་འགྲོ་གྲོན་གཏོང་སྟངས་སྒྲིག་གཞི་ཁ་གསལ་མེད་པ་རེད་འདུག སྤྱི་འཐུས་ལྷན་ཁང་དང་ཚོགས་དྲུང་ལས་ཁུངས་ཀྱི་བརྡ་ཁྱབ།
སྒྲིག་བཟོ། /RFA

སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དེ་བཞིན་འདི་ཚེས་༢༩བར་ཉིན་གྲངས་༩འི་རིང་འཚོགས་རྒྱུའི་ཐག་གཅོད་ཟིན་ཡོད་ཀྱང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་ཐར་ཕྱིན་ལགས་རྒྱ་མིའི་གསང་མྱུལ་དང་འབྲེལ་བ་ཡོད་ཚུལ་གྱི་གནད་དོན་གྱི་རྐྱེན་གྱིས་གྲོས་ཚོགས་ཉིན་གསུམ་རིང་མ་གཏོགས་ཚོགས་ཐུབ་མེད་པར་བརྟེན། གྲོས་ཚོགས་ཚོགས་དུས་དྲུག་པ་མུ་མཐུད་དུ་འཚོགས་མ་ཐུབ་པར་འཕར་འགྱངས་བྱེད་དགོས་བྱུང་བ་དེ་ནི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལོ་རྒྱུས་ནང་ཐེངས་དང་པོ་ཡིན་པ་དང་། གནད་དོན་དེ་འདྲའི་སྐབས་སྤྱི་འཐུས་རྣམ་པའི་འགྲོ་གྲོན་དང་འབྲེལ་བའི་སྒྲིག་གཞི་ཁ་གསལ་མེད་པ་རེད་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་དོན་བརྒྱད་པའི་ནང་གསེས་༣པའི་ནང་། སྤྱི་འཐུས་གང་ཞིག་ཚོགས་དུས་གཅིག་ནང་བརྒྱ་ཆ་༤༠ཚོགས་བཅར་མ་ཞུས་ཚེ། མཚན་དོད་ཀྱི་ཐོབ་ཐང་མེད་པ་དང་། ཡང་ཚོགས་བཅར་ཞུས་ཀྱང་། ཚོགས་དུས་བརྒྱ་ཆ་༥༠ཚོགས་བཅར་མ་ཞུས་ན་ཚོགས་དུས་དེའི་ཕྱོགས་གཅིག་གི་ཕེབས་གྲོན་གྱི་ཐོབ་ཐང་མེད་པ་འཁོད་ཡོད་པ་ལས། དེ་མིན་གནད་དོན་བྱེ་བྲག་པ་ཞིག་གི་རྐྱེན་གྱིས་གྲོས་ཚོགས་ཚོགས་མ་ཐུབ་པར་འཕར་འགྱངས་བྱེད་དགོས་བྱུང་ན། སྤྱི་འཐུས་རྣམ་པའི་འགྲོ་གྲོན་གྱི་ཐོབ་ཐང་དང་གནས་སྟངས་སྐོར་ཁ་གསལ་གང་ཡང་འཁོད་མིན་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ད་རེས་ཀྱི་གནས་སྟངས་དེ་འདྲའི་སྐབས་སྤྱི་འཐུས་རྣམས་ཀྱི་འགྲོ་གྲོན་གཏོང་སྟངས་ཐད། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་དང་། ཚོགས་དྲུང་ལས་ཁུངས་བཅས་སུ་ངོ་བཅར་དང་ཁ་པར་བཅས་བརྒྱུད་བཅར་འདྲི་བྱེད་ཐབས་བྱས་ཀྱང་དང་ལེན་གནང་མ་སོང་།
གནད་དོན་དེའི་ཐོག་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། ཁྲིམས་སྒྲིག་ནང་གསལ་ཁ་མེད་པའི་སྐབས་སུ། སྤྱི་འཐུས་རྒྱུན་ལས་ཀྱི་ཐག་གཅོད་གཞིར་བཟུང་འགྲོ་དགོས་གལ་ཆེ་བ་གསུངས་ཤིང་། གྲོས་ཚོགས་འཚོགས་མ་བཅུག་མཁན་སྤྱི་འཐུས་རྣམ་པ་རེད། གལ་ཏེ་གཞུང་གིས་འགྲོ་གྲོན་མ་བཏང་བ་ཡིན་ན། སོ་སོའི་འགྲོ་གྲོན་ཡོངས་རྫོགས་སོ་སོ་རང་ཉིད་ནས་གཏོང་རྒྱུ་རེད་ཅེས་དགོངས་ཚུལ་གསུངས་བྱུང་།
འདི་གའི་གསར་འགོད་པས་ཁུངས་ལྡན་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་འཐུས་ཚོའི་ལས་དོད་དང་ཉིན་དོད། དེ་བཞིན་འགྲིམ་འགྲུལ་ཚུད་པའི་སྐབས་༡༧པའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་དྲུག་པ་ཁྱོན་ཡོངས་ཀྱི་འགྲོ་གྲོན་བསྡོམས་ཧིན་སྒོར་འབུམ་༤༥ལྷག་གཏོང་གི་ཡོད་འདུག དེ་ཡང་ད་རེས་ཀྱི་གྲོས་ཚོགས་ཚོགས་བའི་སྐབས་སྤྱི་འཐུས་རྒྱུན་ལས་༡༢ཕུད་པའི་གཞན་སྤྱི་འཐུས་ཚོའི་ཉིན་རེའི་ལས་དོད་སྤྱི་འཐུས་རེར་ཧིན་སྒོར་༡༣༤༦ དང་། ཡང་སྤྱི་འཐུས་རྒྱུན་ལས་དང་རྡ་སའི་ཁུལ་དུ་གནས་བཞུགས་སྤྱི་འཐུས་ཚོ་ཕུད་པའི་གཞན་སྤྱི་འཐུས་ཚོར་ཉིན་དོད་ཧིན་སྒོར་༧༠༠་རེ་སྤྲོད་ཀྱི་ཡོད་འདུག
ཡང་དེ་དང་ཕྱོགས་མཚུངས་སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས་ཀྱིས། གྲོས་ཚོགས་མུ་མཐུད་དུ་ཚོགས་ཐུབ་མེད་པར་བརྟེན། ཁྲིམས་སྒྲིག་གཞིར་བཟུང་གཞུང་གི་ངོས་ནས་སྤྱི་འཐུས་ཚོར་འགྲོ་མགྲོན་གཏོང་རྒྱུ་ཧ་ལམ་ཁག་པོ་ཆགས་ཡོད་པ་མཐོང་གི་འདུག་ཅེས་སྒེར་གྱི་དགོངས་ཚུལ་གསུངས་བྱུང་།
གཞན་ཡང་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་ལྷག་མ་རྣམས་༢༠༢༤ལོའི་སྤྱི་ཟླ་༣པའི་གྲོས་ཚོགས་མ་ཚོགས་གོང་གི་ཉིན་འགའ་ཤས་སྔོན་ལ་ཚོགས་རྒྱུ་ཡིན་པ་ཚོད་དཔག་གནང་གི་འདུག
གཞི་རྩའི་ཆ་ནས་ད་རེས་སྤྱི་འཐུས་གྲོས་ཚོགས་ཚོགས་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི། སྤྱི་ཟླ་༩ པའི་ཚེས་༡༩ཉིན་གྲོས་ཚོགས་ཚོགས་དུས་༦པའི་ལས་ཉིན་དང་པོའི་སྐབས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། སྤྱི་འཐུས་དགེ་བཤེས་སྨོན་ལམ་ཐར་ཕྱིན་ལགས་རྒྱ་མིའི་གསང་མྱུལ་དང་འབྲེལ་བ་ཡོད་ཚུལ་བརྗོད་པའི་རྗེས་འབྲས་སུ། སྤྱི་འཐུས་ནང་ཁུལ་གླེང་སློང་རིམ་པ་གནང་སྟེ། སྤྱི་ཟླ་༩པའི་ཚེས་༢༡གྲོས་ཚོགས་ལས་ཉིན་གསུམ་པའི་སྐབས། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས། གོང་ཞུས་སྤྱི་འཐུས་དེ་རྒྱ་ནག་གི་གསང་མྱུལ་དང་འབྲེལ་བ་ཡོད་མེད་གནད་དོན་ཁག་འགྲེལ་བརྗོད་བྱས་པའི་རྗེས། ཚོགས་གཙོས་སྟངས་འཛིན་གཞིར་བཟུང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ནང་སྲིད་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་མ་ཐག སྤྱི་འཐུས་ཆོས་གྲགས་རྒྱལ་མཚོ་ལགས་གཙོས་སྤྱི་འཐུས་མང་པོས་ལས་རིམ་རྣམ་གཞག་བཏོན་ཏེ། གོང་ཞུས་སྤྱི་འཐུས་དེ་རྒྱ་མིའི་གསང་མྱུལ་དང་འབྲེལ་བ་ཡོད་མེད་ཀྱི་གནད་དོན་དེ་གཙང་བཟོ་མ་བྱས་ན་འགྲིག་ཐབས་མེད་པ་གསུངས་བའི་རྗེས་འབྲས་སུ། སྤྱི་འཐུས་ནང་ཁུལ་གླེང་སློང་རྣོ་ངར་ལྡན་པ་བྱུང་ནས། སྤྱི་ཟླ་༩པའི་ཚེས་༢༢ཉིན་གྱི་སྔ་དྲོ་གྲོས་ཚོགས་ཚོགས་དུས་བཞི་པ་འགོ་འཛུགས་གནང་ཡོད་ཀྱང་། སྐབས་དེར་གྲོས་ཚོགས་ཀྱི་ངོ་ཡོད་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་པར་བརྟེན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་༤༩པའི་ནང་གསེས་དང་པོའི་དགོངས་དོན་བཞིན། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་མུ་མཐུད་ཚོགས་ཐུབ་མེད་པ་རེད།
དེ་ཙམ་མ་ཟད་༢༠༢༡ལོའི་སྤྱི་ཟླ་༦པའི་ནང་སྐབས་༡༧པའི་བདམས་ཐོན་སྤྱི་འཐུས་རྣམ་པའིོ་བར་དམ་འབུལ་དང་འབྲེལ་བའི་གནད་དོན་ཐོག་རྙོག་གླེང་བྱུང་ཏེ། སྐབས་དེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་བྱེད་རྒྱུ་ཚུད་པའི་ལས་རིམ་ཁག་རྒྱུན་འཁྱོངས་མ་ཐུབ་པར་ཟླ་བ་བཞི་ཙམ་རིང་ལྷག་པའི་རྗེས། མཐར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་སློབ་ལམ་སྟོན་སྩལ་གནང་ཡོང་བའི་ལྷ་སྙན་སྒྲོན་འབུལ་ཞུས་ཏེ། མགོན་པོ་༧གང་ཉིད་མཆོག་གི་ལམ་སྟོན་ལྟར། སྐབས་དེའི་བདམས་ཐོན་སྤྱི་འཐུས་རྣམས་པས་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་དམ་འབུལ་ཞུས་ཡོད་པ་རེད།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎