བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེ་བཞིན་གནས་སྐབས་རིང་ཕར་འགྱངས་གནང་སོང་།
སྤྱི་འཐུས་གྲོས་ཚོགས་མུ་མཐུད་དུ་ཚོགས་ཡོད་པ་དང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེ་བཞིན་གནས་སྐབས་རིང་ཕར་འགྱངས་གནང་བ་བསྒྲགས་སོང་།
སྤྱི་ཟླ་༩པའི་ཚེས་༡༤ཉིན། སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༤པའི་ལས་ཉིན་༦པའི་སྔ་དྲོར། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས། གྲོས་ཚོགས་མུ་མཐུད་དུ་འཚོགས་ཐུབ་རྒྱུའི་ཆེད་དུ་གྲོས་ཚོགས་ནས་ཕྱིར་ཐོན་མཁན་སྤྱི་འཐུས་རྣམ་པ་དང་སྤྱི་འཐུས་གཞན་རྣམ་པར་ཐུག་འཕྲད་ཀྱིས་གོ་བསྡུར་རིམ་པ་བྱས་འབྲས་སུ། གྲོས་ཚོགས་ཀྱི་ལས་རིམ་མུ་མཐུད་དུ་འགྲོ་ཐུབ་པ་བྱུང་བ་གསུང་བཤད་གནང་བ་དང་སྦྲགས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་ཡིག་ཆ་ཨང་༢༡དང་༢༢གཉིས་ཀྱི་གནད་དོན་ལ་བརྟེན་ནས་འདས་པའི་ཉིན་གཉིས་དང་ཕྱེད་ཀའི་རིང་གྲོས་ཚོགས་ཀྱི་ལས་རིམ་འགྲོ་ཐུབ་མེད་པས། བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེ་བཞིན་གནས་སྐབས་རིང་ཕར་འགྱངས་བྱེད་རྒྱུ་ཡིན་པ་བསྒྲགས་ནས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གནས་སྟངས་ཞིབ་འཇུག་ཚོགས་ཚུང་གི་སྙན་ཐོའི་ཐོག་བགྲོ་གླེང་གནང་སོང་།
སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེད་བཙུགས་ཚོགས་ཆུང་གིས་འདོན་སྤེལ་གནང་བའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གནས་སྟངས་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་གནང་བའི་རྗེས། སྤྱི་འཐུས་འགའ་ཞིག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་བཙུགས་ནས་གྲུབ་འབྲས་བཟང་པོ་ཐོན་ཡོད་པ་མ་ཟད། དེ་ནི་བཙན་བྱོལ་བོད་མིའི་འཚོ་གནས་དང་འབྲེལ་བ་ཡོད་པས། སྒོ་རྒྱབ་ན་ངོས་ལེན་མེད་པ་གསུངས་ཤིང་། ཡང་ཁག་ཅིག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནང་དངུལ་བཅོལ་བ་ཡིན་ན། སྐྱེད་འབབ་བརྒྱ་ཆ་༣ལས་མེད་པས། མ་དངུལ་རག་རྒྱུའི་ཐད་དཀའ་ངལ་འཕྲད་ཉེན་ཡོད་པ་སོགས་གསུངས་ཏེ། སྒོ་མ་བརྒྱབ་ན་འགྲིག་ཐབས་མེད་པའི་སྐོར་གསུངས་གནང་སོང་།
གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གནས་སྟངས་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོའི་ནང་། བཟང་ཕྱོགས་ཀྱི་ནུས་པ་དང་། ཞན་ཆ་གཉིས་ཀ་གསལ་སྟོན་བྱས་འདུག་ཅིང་། དཔེར་ན། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་གཡོ་བ་མེད་པའི་རྒྱབ་སྐྱོར་དང་བུན་ནག་ཆགས་པའི་ཉེན་ཁ་ཉུང་བ། དེ་བཞིན་རྒྱ་གར་གཞུང་གི་སྡེ་ཚན་ཁག་ནས་གཟིགས་སྐྱོང་ཡག་པོ་ཡོད་པ་སོགས་བཟང་ཕྱོགས་ཀྱི་ནུས་པ་ཡོད་པ་གསལ་སྟོན་བྱས་འདུག་པ་དང་། ཡང་དེའི་ཞན་ཆ་ནི་རང་སྐྱོང་མེད་པ་དང་། མ་རྩ་མེད་པ། དེ་བཞིན་ཆེད་མཁས་ལས་བྱེད་མེད་པ་སོགས་འཁོད་འདུག
སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་བའི་ནང་། བཀའ་ཤག་སྐབས་༡༦པས་༢༠༢༡ལོའི་སྤྱི་ཟླ་༥པའི་ནང་ལས་ཁུར་དམ་འབུལ་ཞུས་མ་ཐག་ཏུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནད་དོན་ཐོག་དོ་སྣང་བྱས་ཏེ། ཞིབ་འཇུག་བྱས་པའི་བརྒྱུད་རིམ་ལ་གཞིགས་པ་ཡིན་ན། གནད་དོན་དེ་ནི་གཡང་ས་ལྟ་བུ་ཞིག་མཐོང་གི་འདུག་ཅེས་དེ་སྔོན་གྲོས་ཚོགས་ནང་འགྲེལ་བརྗོད་བྱས་ཡོད་ལ། ད་ལྟ་ཡིན་ནའང་། གཡང་ས་ཞིག་གི་ཐོག་ལ་གནས་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་མུ་མཐུད་དུ་གནས་དགོས་མིན་དེ་གྲོས་ཚོགས་རང་ནས་ཐག་གཅོད་གནང་རོགས་ཞེས་འབོད་སྐུལ་ཞུས་གནང་སོང་།
གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་རྣམས་ནི། ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་། དྲུང་ཆེ་སྤྱི་འཐུས་སེར་རྟ་ཚུལ་ཁྲིམས་ལགས། གཞན་ཚོགས་མི་གསུམ་ཡོད་པ་ལས། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་དང་། སྤྱི་འཐུས་ཀརྨ་དགེ་ལེགས་ལགས། དེ་བཞིན་སྐུ་ཞབས་རཱ་ཧུལ་ཇོ་ཤེ་བཅས་ཡིན་འདུག་ཅིང་། དཔལ་འབྱོར་རིག་པའི་ཆེད་ལས་མཁས་པ་སྐུ་ཞབས་རཱ་ཧུལ་ཇོ་ཤེ་ལགས་ནི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གནས་སྟངས་སྐོར་ཞིབ་འཇུག་གནང་མཁན་གཙོ་བོ་གྲས་ཤིག་ཡིན་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།