སྤྱི་འཐུས་གྲོས་ཚོགས་འཚོགས་མ་ཐུབ་པར་མི་མང་པོས་བློ་ཕམ་བྱེད་བཞིན་འདུག

གྲོས་ཚོགས་ནང་ཡིག་ཆ་ཨང་༣༩པའི་སྐོར་གླེང་སློང་བྱས་རྐྱེན་སླར་ཡང་སྤྱི་འཐུས་གྲོས་ཚོགས་འཚོགས་མ་ཐུབ་པའི་གནས་སྟངས་ཆགས་པར་མི་མང་ཞིག་གིས་བློ་ཕམ་བྱེད་བཞིན་འདུག
སྤྱི་ཟླ་༩པའི་ཚེས་༡༠རེས་གཟའ་སྤེན་པའི་ཉིན། སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་༤པའི་སྔ་དྲོར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༦༣པའི་ནང་གསེས་གཉིས་པའི་༼ག༽པ་གཞིར་བཟུང་བོད་མའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཐོག་གྲོས་ཚོགས་ནང་བགྲོ་གླེང་སྐབས། སྤྱི་འཐུས་ཁག་ཅིག་གིས་སྐབས་༡༦པའི་གྲོས་ཚོགས་ནང་བཞག་པའི་ཡིག་ཆ་ཨང་༣༩པ་དང་འབྲེལ་ནས་གླེང་སློང་རིམ་པ་བྱས་པའི་རྐྱེན་གྱིས། དེ་ལ་མི་འདོད་པའི་རྣམ་འགྱུར་སྟོན་ཆེད་སྤྱི་འཐུས་༡༣གྲོས་ཚོགས་ནས་ཕྱིར་ཐོན་ཡོད་པ་དང་། དེ་ནས་གྲོས་ཚོགས་ཀྱི་ངོ་ཡོད་རྩ་འབོར་གསུམ་ཆ་གཉིས་མ་ཚང་སྟབས། གྲོས་ཚོགས་འཚོགས་མ་ཐུབ་པར་གནས་ཡོད་པར་བརྟེན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས། མང་ཚོགས་ཁག་ཅིག་ལ་གྲོས་ཚོགས་མུ་མཐུད་དུ་འཚོགས་མ་ཐུབ་པའི་གནད་དོན་ཐད་བཅར་འདྲི་བྱས་སྐབས། བོད་མི་རྒན་གཞོན་མང་པོ་ཞིག་གིས་བློ་ཕམ་ཆེན་པོ་བྱུང་བ་གསལ་སྟོན་བྱེད་ཀྱི་འདུག
དཔེར་ན་བཞུགས་སྒར་རྡ་རམ་ས་ལར་གནས་སྡོད་ཚེ་རིང་དོན་གྲུབ་ལགས་ཀྱིས། ད་ལྟའི་སྤྱི་འཐུས་ནང་ཁུལ་གྱི་རྩོད་རྙོག་འདི་ནི་སྤྱི་འཐུས་ཚོས་བོད་སྤྱིའི་བདེན་དོན་ཆེད་དུ་བསམ་བློ་མ་གཏང་བར་ནང་ཁུལ་རྙོག་གླེང་རྐྱང་རྐྱང་བྱས་ནས་ཡོང་བ་ཞིག་ཡིན་པས། ཧ་ཅང་གི་བློ་ཕམ་བྱུང་ཡོད་པ་གསུང་གི་འདུག འོན་ཀྱང་རྒྱ་གར་ལྷོ་ཕྱོགས་སུ་གནས་བཞུགས་དགེ་འདུན་རྒྱ་མཚོ་ལགས་ཀྱིས། ད་ལྟའི་སྤྱི་འཐུས་ནང་ཁུལ་གྱི་དཀའ་རྙོག་དེ་ཡིག་ཆ་ཨང་༣༩ པར་ཐུག་ཡོད་པས། དེ་སེལ་བར་ངེས་པར་དུ་གྲོས་ཆོད་ཡིག་ཆ་ཨང་༣༩པ་དེ་གྲོས་ཚོགས་རང་གི་ནང་སྦྱངས་བཤད་བྱེད་པ་བརྒྱུད་དཀའ་རྙོག་དེ་སེལ་ཐབས་དགོས་པའི་དགོངས་ཚུལ་གསུང་གི་འདུག
ཡང་རྡ་ས་གནས་སྡོད་ཐུབ་བསྟན་ལགས་ཀྱིས། སྐབས་༡༧པའི་བོད་མི་མང་སྤྱི་འཐུས་༤༥དེ་དག་ཚང་མས་རྩ་དགོངས་ཞུས་ནས་སྤྱི་འཐུས་གསར་པ་ཡོང་དགོས་པ་དང་། དེ་ལྟར་མ་བྱུང་བར་དུ་བོད་ཀྱི་རྩ་དོན་ཐོག་ལ་ལས་དོན་སྤེལ་རྒྱུའི་ཐད་འགོག་རྐྱེན་འཕྲད་ངེས་ཡིན་པ་འགྲེལ་བརྗོད་གནང་པ་ལྟར་བོད་མི་གཞན་ཁག་ཅིག་གི་ཀྱང་བསམ་ཚུལ་གཅིག་མཚུངས་བརྗོད་ཀྱི་འདུག
དེ་སྔོན་སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་ཁྲིམས་ཞིབ་པ་གསུམ་ཀ་དུས་གཅིག་ཏུ་གནས་དབྱུངས་བཏང་པའི་གྲོས་ཆོད་ཡིག་ཆ་ཨང་༣༩པའི་གནད་དོན་དང་འབྲེལ་ནས་སྤྱི་ལོ་༢༠༢༡ལོའི་སྤྱི་ཟླ་༩པའི་ནང་སྐབས་༡༧པའི་བདམས་ཐོན་སྤྱི་འཐུས་རྣམས་ཀྱིས་དམ་འབུལ་ཞུ་ཕྱོགས་ཐད་ཤོག་ཁག་གཉིས་ཆགས་པའི་རྐྱེན་གྱིས། སྐབས་དེའི་གྲོས་ཚོགས་འཚོགས་མ་ཐུབ་པ་དང་། ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱེད་མ་ཐུབ་པ་སོགས་དཀའ་ངལ་མང་དག་ཅིག་འཕྲད་དེ། བདམས་ཐོན་སྤྱི་འཐུས་རྣམ་པའི་བར་དཀའ་རྙོག་སེལ་ཐབས་སླད་ཉིན་གཉིས་རིང་ནང་མོལ་ཚོགས་འདུ་ཚོགས་ཀྱང་། འདུམ་འགྲིག་མ་ཐུབ་པར་བརྟེན། མཐར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ཆེད་ལྷ་སྙན་སྒྲོན་འབུལ་ཞུས་པ་བཞིན། ལོ་དེའི་སྤྱི་ཟླ་༡༠ཚེས་༦འཁོད་པའི་༧གོང་ས་མཆོག་གིས་བཀའ་ཡིག་ལམ་སྟོན་གནང་བའི་དགོངས་དོན་བཞིན་སྤྱི་འཐུས་ཚང་མས་ཤར་བསྐྱོད་བྱ་རྒྱུ་སྤྱི་མོས་བྱུང་ཡོད་པ་རེད།
རྒྱ་གར་བྱང་ཕྱོགས་ལ་དྭགས་ས་གནས་སུ་བཞུགས་བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔོན་སྤྱི་འཐུས་རྣམ་པའི་དཀའ་རྙོག་སེལ་སླད་ལམ་སྟོན་བཀའ་ཡིག་སྩལ་ཏེ་ལོ་གཅིག་ཀྱང་སོང་མེད་པས། དུ་དུང་༧གོང་ས་མཆོག་ལ་མཛད་དཀའ་བཟོས་ན། རྩ་བ་ནས་འགྲིག་གི་མེད་ཅེས་ཚོར་ཤུགས་ཆེན་པོས་སྤྱི་འཐུས་རྣམ་པར་འབོད་སྐུལ་ཞུས་གནང་སོང་ལ། ཡང་རྡ་སར་གནས་སྡོད་བུ་ཆུང་ཚེ་རིང་ལགས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་དེ་སེལ་ཚར་བའི་དཀའ་རྙོག་དེ་སླར་ཡང་གྲོས་ཚོགས་ནང་གླེང་སློང་བྱས་པ་དེས་ཧ་ཅང་གི་བློ་ཕམ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་ ༩ཚེས་༡༢དང་༡༣བཅས་སུ་ཆོལ་ཁ་དང་ཆོས་བརྒྱུད་ཁག་གི་འཐུས་མིའི་སྐུ་ཚབ་དང་སྤྱི་འཐུས་ཀྱི་ཚོགས་གཙོ་གཞོན་རྣམ་པའི་བར་ད་ལྟ་གྲོས་ཚོགས་འཚོགས་མ་ཐུབ་པའི་དཀའ་ངལ་སེལ་ཆེད་ཚོགས་འདུ་རིམ་པ་གནང་འདུག་ཀྱང་། ཕྱི་ཚེས་༡༢བར་གྲུབ་འབྲས་གང་ཡང་མ་སོན་སྟབས། གཟའ་མིག་དམར་ཕྱི་ཚེས་༡༣ཉིན་ཡང་གྲོས་ཚོགས་བསྐོང་ཚོགས་ཐུབ་མེད་པ་རེད། ཕྱི་ཚེས་༡༣ཉིན་སླར་ཡང་སྤྱི་འཐུས་རྣམ་པ་དང་ཚོགས་གཙོ་ཚོགས་གཞོན་རྣམ་པའི་བར་བཀའ་བསྡུར་ཞུས་མཐར་ཕྱི་ཚེས་༡༤གཟའ་ལྷག་པའི་ཉིན་སྤྱི་འཐུས་གྲོས་ཚོགས་འཚོགས་ཐུབ་རྒྱུར་མོས་མཐུན་བྱུང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་།
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་རིམ་དེ་སྔོན་འཆར་ལྟར་ན། ཕྱི་ཟླ་༩ཚེས་༡༦ཉིན་མཇུག་སྒྲིལ་བྱེད་རྒྱུ་ཡིན་ན་ཡང་། འདས་པའི་ཉིན་གྲངས་འགའ་ཤས་རིང་ཚོགས་འདུ་འཚོགས་མ་ཐུབ་པ་དེས་གྲོས་ཚོགས་ཀྱི་ལས་ཉིན་ཕར་འགྱངས་བྱེད་མིན་དང་། མུ་མཐུད་དུ་གྲོས་ཚོགས་ནང་མི་མཐུན་པ་ཆེན་པོ་བྱུང་ཡུལ་ཡིག་ཆ་ཨང་༣༩པའི་ནང་དོན་དང་འབྲེལ་ནས་གྲོས་བསྡུར་ཡོང་མིན་སོགས་ཞིབ་ཕྲའི་གནས་ཚུལ་གསལ་ཁ་མེད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།