སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་དབུ་འཛུགས་གནང་སོང་།

བཞུགས་སྒར་དུ་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་དེ། སྤྱི་ཟླ་༩པའི་ཚེས་༧ནས་འགོ་འཛུགས་གནང་བའི་ཚོགས་འདུ་དབུ་འབྱེད་ཀྱི་གཏམ་བཤད་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་གནང་བའི་ནང་། བོད་མཚོན་པའི་རྒྱ་ནག་གི་བཙན་བཟུང་འོག་ཚུད་པའི་མི་རིགས་ཁག་གི་ཐོག་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་གྱི་སྲིད་ཇུས་གསལ་བོ་ཆགས་ཡོད་པས། དེ་ལྟར་མུ་མཐུད་ཕྱིན་ན་ང་ཚོས་དེ་ལ་གདོང་ལེན་གྱི་འཆར་གཞི་བཟོ་དགོས་པ་སོགས་གསལ་སྟོན་གནང་བ་དང་། རྒྱ་ནག་གཞུང་གིས་བོད་ནང་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་ཇུས་སོགས་ཤུགས་ཆེ་རུ་གཏོང་བཞིན་པ་དང་། ལྷག་པར་སྲིད་འཛིན་ཞི་ཅིན་ཕིན་ན་ནིང་ལྷ་སར་ཡོང་སྐབས་ནས་མི་རིགས་མཉམ་བསྲེས་ཀྱི་ལྟ་གྲུབ་ཤུགས་ཆེ་སླེབས་ཡོང་གི་ཡོད་པ། དེའི་ཐོག་ནས་བོད་ནང་གི་འགོ་ཁྲིད་ཚོས་བཀའ་མོལ་སྐབས་དང་པོ་དེ་ཚོའི་ཐོག་ནས་ཆབ་སྲིད་ཀྱི་རྒྱབ་ལྗོངས་བཙལ། རིམ་པས་གྲོང་ཁྱེར་དང་ལྷག་པར་གྲོང་གསེབ་ནང་ལག་ལེན་བསྟར་པ་སོགས་ཀྱིས། བོད་ཀྱི་རིག་གཞུང་དང་བོད་མི་རིགས་འཆར་གཞི་དང་དམིགས་ཡུལ་ལྡན་པའི་སྒོ་ནས་རྩ་མེད་བཟོ་བཞིན་པ་གསལ་བོ་ཡིན་པ་གསུངས་སོང་།
གྲོས་ཚོགས་སུ་བོད་ནང་གི་ཛ་དྲག་གནས་སྟངས་ཐད་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་སྐབས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བོད་ནང་ཞེད་སྣང་ཚ་ཤོས་ནི། སྙན་ཐོ་བཏོན་པའི་ནང་བོད་པའི་སློབ་ཕྲུག་བརྒྱ་ཆ་༧༨ལྷག་གཏན་སློབ་དུ་བཅུག་སྟེ། བོད་རིགས་གཞོན་སྐྱེས་ཚང་མ་རྒྱ་རིགས་ཀྱི་ངོ་བོའི་ཐོག་གསོ་སྐྱོང་བྱས་ནས། བོད་ནང་མི་རིགས་ཀྱི་ངོ་བོ་དང་འབྲེལ་བའི་གནས་ཚུལ་ཛ་དྲག་ཆགས་ཉེན་ཡོད་ཅེས་གསལ་སྟོན་གནང་སོང་།
ད་ཐེངས་གྲོས་ཚོགས་ཀྱི་ལས་རིམ་སྐབས་གཙོ་ཆེར་བོད་མིའི་སྒྲིག་འཛུགས་ལྷན་ཁང་མ་ལག་དང་བཅས་པའི་ལས་བསྡོམས་སྙན་སྒྲོན་དང་། ཁྲིམས་བཟོའི་ལས་དོན་སོགས་འགྲོ་བཞིན་པ་མ་ཟད། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ཀྱང་ཐག་གཅོད་གནང་ཆེད། སྤྱི་འཐུས་བཞི་དང་དཔལ་འབྱོར་ཆེད་མཁས་གཅིག་བཅས་འདུས་པའི་ཚོགས་ཆུང་བཙུགས་པའི་ཚོགས་ཆུང་གི་ཚོགས་མི་མདོ་སྟོད་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ནས། ཚོགས་གཙོའི་ལམ་སྟོན་བཞིན་ཁོང་ཚོས་ཞིབ་འཇུག་སྙན་ཐོ་གྲོས་ཚོགས་སུ་ཕུལ་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་དབུས་གཙང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་ཞིབ་པ་ཆེ་བ་མེད་པའི་ཆ་རྐྱེན་གྱི་དཀའ་ངལ་འཕྲད་བསྡད་པ་ལྟ་བུ། ཆ་རྐྱེན་དེ་ཚོའི་ཐོག་བཅའ་ཁྲིམས་ནང་སྐྱོན་ཆ་ག་རེ་འདུག ང་ཚོའི་སྤྱི་ཚོགས་ནང་དཀའ་ངལ་ག་རེ་འཕྲད་བཞིན་པ་སོགས་ཚང་མ་ལ་གཞིར་བཞག་སྟེ། ད་ཐེངས་བཅའ་ཁྲིམས་བསྐྱར་བཅོས་གྲོས་ཚོགས་སུ་འཁུར་དགོས་པ་དེ་གལ་ཆེན་དུ་མཐོང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་མདོ་སྨད་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་ནས། གྲོས་ཚོགས་འདིར་གལ་ཆེ་ཤོས་གཅིག་བཅའ་ཁྲིམས་བསྐྱར་བཅོས་མཐོང་གི་ཡོད་པ་དང་། བསྐྱར་བཅོས་ཀྱི་ཟིན་བྲིས་ལ་བལྟས་ཏེ་རྒྱབ་སྐྱོར་བྱེད་འོས་དང་མི་འོས། བཟོ་བཅོས་གྲོས་འཆར་དགོས་མིན་སོགས་བལྟ་རྒྱུ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
གྲོས་ཚོགས་ཉིན་དང་པོར། བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་དང་། སྤྱི་ཟུར་དང་ཉི་ཧོང་གི་སྲིད་བློན་ཟུར་པ་སོགས་དགོངས་པ་རྫོགས་པར་མྱ་ངན་རྗེས་དྲན་གྱི་གྲོས་ཆོད་བཞག་པ། བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་ནང་ཆུ་ལོག་དང་ས་ཡོམ་བརྒྱབས་པ་བཅས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཀྱང་བཞག་གནང་ཡོད་པ་རེད།
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་འདི་ཚེས་༧ཉིན་ནས་ཚེས་༡༦བར་འཚོགས་ཀྱི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།