དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་ཚོགས་དུས་ཟླ་བ་འདིའི་ཕྱི་ཚེས་༡༣ཉིན་ནས་ཉིན་བཞིའི་རིང་ཚོགས་བཞིན་པ་ལྟར། འདི་ཚེས་༡༤ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས། བཀའ་བློན་རྣམ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཚང་འཛོམས་ཐོག སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོག་སྤེན་པ་ཚེ་རིང་ལགས་ཀྱིས་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་༢༠༢༢-༢༣་ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་གནང་སོང། སྐབས་དེར་སྤྱི་འཐུས་འཇམ་དཔལ་བསྟན་འཛིན་ལགས་ཀྱིས་གང་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ད་ལྟའི་གནས་བབ་དང་བར་ལམ་དཔྱ་དངུལ་ཆག་ཡང་གཏང་ནས་ལོ་གཅིག་འཁོར་བའི་བརྒྱུད་རིམ་ནང་ལག་དེབ་གསར་པ་བཟོ་མཁན་ག་ཚོད་བྱུང་ཡོད་མེད་ཐད་འདྲི་རྩད་གནང་པར། དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་ལགས་ཀྱིས་ལན་འདེབས་གསལ་བཤད་གནང་པའི་ནང་། གང་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཐད་གྲོས་ཚོགས་ནང་ཐག་གཅོད་བྱུང་པའི་རྗེས་དཔལ་འབྱོར་ལས་ཁུངས་ནས་མ་ཤེར་བདག་པོ་ཚང་མར་འབྲེལ་བ་ཞུས་ཡོད་པ་དང་། ཕལ་ཆེ་བ་ཚོགས་འདུར་དུས་ཐོག་སུ་མ་ཕེབས་པ་མ་ཟད། མ་ཤེར་བདག་པོ་ཕལ་ཆེ་བས་སོ་སོའི་མ་དངུལ་ཕྱིར་འཐེན་རྒྱུའི་དགོངས་འཆར་འདོན་བཞིན་ཡོད་པ་གསུངས་གནང་སོང་ལ། དཔྱ་དངུལ་ཆག་ཡང་གཏང་ནས་ལོ་གཅིག་འཁོར་བའི་བརྒྱུད་རིམ་ནང་ཨ་རི་དང་། ཁེ་ཎ་ཌ་དང་ཡོ་རོབ་བཅས་ཀྱི་ནང་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་མཁན་གྲངས་༦༥༡༨བྱུང་ཡོད་པ་གསུངས་གནང་སོང་།
སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་དང་བླང་དཔྱ་དངུལ་ལག་དེབ་གསར་བཟོ་གནང་མཁན་མང་པོ་བྱུང་བར་འབྲེལ་ཡོད་ལས་བྱེད་དང་མི་མང་ཡོངས་ལ་བསྔགས་བརྗོད་ཞུས་པ་དང་ཆབས་གཅིག་ཁོང་གིས་མ་འོངས་པའི་བཀའ་ཤག་དང་ལས་དོན་ཆེད་དུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དོན་དུ་དགོངས་པ་ཆེ་བཞེས་གནང་གལ་ཆེ་བའི་སྐོར་དགོངས་འཆར་འདོན་པར།་དཔལ་འབྱོར་བཀའ་བློན་མཆོག་གིས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དང་འབྲེལ་བའི་དངོས་ཡོད་གནས་སྟངས་སྐོར་གྲོས་ཚོགས་འདིའི་ནང་མང་པོ་ཞུས་ཟིན་པ་ཞིག་དང་། གྲོས་ཚོགས་ནས་ཐག་གཅོད་གནང་ཟིན་པ་ཞིག་རེད། ད་ལྟའི་བཀའ་ཤག་གི་ངོས་ནས་དེའི་ཐོག་དགོངས་པ་མ་བཞེས་པ་དང་མཇུག་སྐྱོང་མ་གནང་བ་ཞིག་མིན་ཅེས་ལན་འདེབས་གནང་སོང་།
དེ་བཞིན་སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ཀྱིས་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པ་དང་བོད་པའི་སྤྱི་ཚོགས་ནང་བཙན་གཡེམ་དགོག་ཐབས་དང་འབྲེལ་བའི་ཐོག་སོ་སོའི་དགོངས་འཆར་གསུངས་ཡོད་པ་རེད།
དེ་ནས་ནང་སྲིད་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་གནང་སྐབས། སྤྱི་འཐུས་ཁག་ཅིག་གིས་ཉེ་ཆར་འགོ་འཛུགས་གནང་བའི་བཙན་བྱོལ་བོད་མིའི་ཁྱིམ་ཐོ་གྲངས་བཤེར་དང་འབྲེལ་བའི་གནད་དོན་ཁག་ཅིག་གླེང་སློང་གནང་ཡོད་ཅིང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས། ད་ལྟ་འགྲོ་བཞིན་པའི་ཁྱིམ་ཐོ་གྲངས་བཤེར་དེ་གདན་ས་ཁག་གི་དགེ་འདུན་པ་ཚོར་འོས་མཚམས་ཡོད་མེད་ཀྱི་རྨོངས་འཆར་དོགས་འདྲི་གནང་བར། ནང་སྲིད་བཀའ་བློན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ཁྱིམ་ཐོའི་ནང་མི་གཅིག་ཡིན་པ་ཡང་ཡོང་སྲིད་པས། དགེ་འདུན་པ་ཡིན་ན་ཡང་ཐོ་གཞུང་ནང་དགོས་བ་རེད་ཞེས་ལན་འདེབས་གནང་སོང་།
ཡང་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་ཀྱིས། ད་ལྟ་འགྲོ་བཞིན་པ་དེ་ནི་ཁྱིམ་ཐོ་ཞིབ་བཤེར་རེད་མི་འདུག མི་འབོར་ཞིབ་བཤེར་རེད་མི་འདུག དེ་ནི་རྒྱུ་ནོར་ཞིབ་བཤེར་རེད་འདུག་ཅེས་དོགས་འདྲི་གནང་བར། ནང་སྲིད་བཀའ་བློན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། བཙན་བྱོལ་བོད་མི་ཚོའི་དཔལ་འབྱོར་གྱི་གནས་སྟངས་ཤེས་དགོས་རྒྱུ་གལ་ཆེ་ཡིན་ལ། དེ་ནི་མ་འོངས་པར་དཔལ་འབྱོར་གྱི་རོགས་དངུལ་དགོས་མིན་སོགས་ལ་ཡང་ཐུག་ཡོད་ཅེས་ལན་འདེབས་གནང་ཡོད་པ་རེད།
ཉེ་ལམ་སྤྱི་ཟླ་༢པའི་ཚེས་༡༧ནས་བཟུང་སྟེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་བཙན་བྱོལ་བའི་ཁྱིམ་ཐོ་ཞིབ་བཤེར་གནང་འགོ་ཚུགས་ཡོད་པ་དང་། ཁྱིམ་ཐོ་ཞིབ་བཤེར་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་བཞི་མཉམ་རུབ་ཀྱིས། འདས་པའི་ལོ་དྲུག་ཅུའི་ནང་ཐེངས་དང་པོར་ཁྱིམ་ཐོ་ཞིབ་བཤེར་གནང་བ་ཐོག་མ་དེ་ཡིན་པ་རེད།
སྐབས་དེར་སྤྱི་འཐུས་སྲི་ཐར་བློ་བཟང་རྒྱ་མཚོ་ལགས་ཀྱིས། རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་མི་འབོར་གྲངས་བཤེར་ནི་གལ་འགངས་ཆེན་པོ་ཞིག་ཆགས་ཡོད་ཅེས་དང་། ཁྱིམ་ཐོ་ཞིབ་བཤེར་གྱི་ལས་གཞིའི་ནང་བོད་མི་རྣམས་མཉམ་ཞུགས་གནང་དགོས་རྒྱུ་གལ་ཆེ་ཡིན་ཞེས་གསུངས་སོང་།
གཞན་ཡང་སྤྱི་འཐུས་ཁག་ཅིག་གིས་ཐེངས་འདིའི་ཁྱིམ་ཐོ་ཞིབ་བཤེར་དང་འབྲེལ་བའི་དོགས་དྲི་ཁག་ཅིག་གླེང་སློང་སྐབས། ཁྱིམ་ཐོ་ཞིབ་བཤེར་སྐབས་རྒྱན་ཆ་ག་ཚོད་ཡོད་མེད་དང་ལོ་གཅིག་གི་ཡོང་བབས་སོགས་ངེས་པར་དུ་བསྐང་དགོས་པའི་སྐོར་གླེང་སློང་ཡོང་གཞི་ཆགས་འདུག་ཅེས་གསལ་སྟོན་གནང་ཡོད་ཅིང་། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཁྱིམ་ཐོ་ཞིབ་བཤེར་ནང་ཕྱག་ལས་གནང་མཁན་ཞིག་ལ་གོང་གི་གནད་དོན་ཁག་གི་སྐོར་བཀའ་འདྲི་ཞུས་པར། ཐེངས་འདིའི་ཁྱིམ་ཐོ་ཞིབ་བཤེར་ནི་(Survey CTO Collect)་ཞེས་པའི་མཉེན་ཆས་སྟེང་འབྲེལ་ཡོད་ལས་བྱེད་ཀྱིས་རོགས་རམ་བརྒྱུད་བསྐང་གི་ཡོད་ཅིང་། ཁྱོན་དྲི་བ་༤༠ཡོད་པ་ལས་ནང་ལ་རྒྱན་ཆ་སོགས་ཡོད་མེད་ཀྱི་དྲི་བ་མེད་པ་དང་། ལོ་གཅིག་གི་ཡོང་བབ་དང་འགྲོ་གྲོན་སོགས་ངེས་པར་དུ་བསྐང་དགོས་ཀྱི་མེད་པ་རེད་འདུག
ད་རེས་གྲོས་ཚོགས་ཀྱི་ལས་རིམ་ལྟར་ན། དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་དང་། བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་ཟིན་རྗེས་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་ཀྱི་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་༢༠༢༢ནས་༢༣ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་། བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་རྒྱུ་ཡིན་འདུག།
གསར་འགོད་པ། པ་སངས་ཚེ་རིང་། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།