སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་གི་ལས་རིམ་དབུ་འཛུགས་གནང་སོང་།

སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་ཚོགས་དུས་ཟླ་བ་འདིའི་ཕྱི་ཚེས་༡༣ཉིན་ནས་འགོ་འཛུགས་ཀྱིས་ཕྱི་ཚེས་༡༦བར་ཁྱོན་ཉིན་གྲངས་བཞིའི་རིང་སྐོངས་ཚོགས་གནང་རྒྱུ་དབུ་འཛུགས་གནང་ཡོད་པ་དང་། འདི་ཚེས་༡༣ཉིན་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་ལས་རིམ་ཉིན་དང་པོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དབུ་བཞུགས་ཐོག་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྤྱི་འཐུས་རྣམས་ཚང་འཛོམས་ཀྱིས་གྲོས་ཚོགས་ཚོགས་ཡོད་པ་རེད།
ཐེངས་འདིའི་ལས་རིམ་གསུམ་པ་ལས་བསྡོམས་སྙན་སྒྲོན་དང་ཞིབ་བཤེར་ལས་དོན་གནང་སྐབས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་༢༠༢༢ཕྱི་ཟླ་༤ཚེས་༡ནས་ཕྱི་ལོ་༢༠༢༣ ཟླ་༣ཚེས་༣༡བར་གྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་ཡོད་པ་རེད། སྐབས་དེར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་མི་འབོར་གྲངས་བཤེར་དང་འབྲེལ་བའི་ཐོག་དོགས་འདྲི་གནང་སྐབས། དེའི་ལན་འདེབས་དུ་ནང་སྲིད་བཀའ་བློན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་ལོ་བཅུ་རེའི་མཚམས་སུ་མི་འབོར་ཞིབ་བཤེར་དང་གྲངས་བཤེར་གནང་གི་ཡོད་པ་བཞིན་བཀའ་ཤག་སྐབས་༡༦པའི་ངོས་ནས་ལས་གཞི་དེ་གལ་ཆེ་དོན་ཆེར་རྩིས་ནས་བཙན་བྱོལ་སྤྱི་ཚོགས་ཁྲོད་མི་འབོར་གྲངས་བཤེར་གནང་མུས་དང་། ད་ལྟའི་ཆར་རྒྱ་གར་ནང་བོད་མི་༧༢༠༠༠དང་བལ་ཡུལ་ནང་བོད་མི་ཁྲི་གཅིག་ལྷག འབྲུག་ཡུལ་ནང་བོད་མི་༡༢༠༠ཡོད་པ་དང་རྒྱ་གར་དང་བལ་ཡུལ་ནང་ད་དུང་བོད་མི་ཁྲི་གཅིག་ཙམ་ཞིག་གིས་འགེངས་ཤོག་མ་སྐང་པའི་རྐྱེན་གྱིས་གྲངས་ཐོ་དེའི་ནང་ཚུད་ཐུབ་མེད་སྐོར་དང་། ང་ཚོས་ལོ་ལྟར་བཞིན་མུ་མཐུད་དུ་མི་འབོར་གྲངས་ཐོ་ལེན་རྒྱུ་ཡིན་པ་གསུངས་གནང་བ་དང་མཉམ། མི་འབོར་གྲངས་ཐོ་བསྡུ་རུབ་བྱེད་དགོས་པའི་རྒྱབ་ལྗོངས་དམིགས་ཡུལ་དང་དེའི་གལ་གནད་སྐོར་སོགས་གསལ་བཤད་གནང་སྐབས། བཀའ་ཤག་སྐབས་༡༦པའི་ངོས་ནས་གཞི་ཆགས་ཚགས་ཚུད་ཡོང་བ་ཡིན་ན་མ་འོངས་པར་ང་ཚོའི་འཐབ་རྩོད་རྒྱུན་གནས་ཐུབ་པ་ལ་ཕན་ཐོགས་ཆེན་པོ་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་སོགས་གསུངས་གནང་སོང་།
དེ་བཞིན་ཀར་ན་ཊ་ཀ་མངའ་སྡེ་གཞུང་ནས་བོད་པའི་གཞིས་ཆགས་ཆེ་ཁག་ལྔ་ཙམ་ལ་རོགས་སྐྱོར་གནང་བ་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐུགས་རྗེ་ཆེ་དང་ལེགས་གསོ་ཞུ་དགོས་པའི་ཐོག་དགོངས་འཆར་དང་བགྲོ་གླེང་གནང་ཡོད་པ་རེད།
ད་རེས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་སྔོན་མའི་ལས་ཉིན་འཕྲོ་སྐྱོང་བྱེད་དགོས་དོན་ནི། སྔ་ལོ་སྤྱི་ཟླ་༩པའི་ནང་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་སུ། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས་རྒྱ་མིའི་གསང་མྱུལ་དང་ཐུག་མིན་གྱི་སྐྱོན་འཛུགས་རྙོག་གླེང་གི་གནས་སྟངས་དེ། གྲོས་ཚོགས་སུ་གཙང་མ་མ་བཟོས་ན་གྲོས་ཚོགས་ཀྱི་ཆ་ཤས་ལེན་རྒྱུ་མིན་ཞེས་སྤྱི་འཐུས་མང་པོས་ཆ་ཤས་མ་བཞེས་པར་བརྟེན། གྲོས་ཚོགས་མཇུག་སྐྱོང་གནང་ཐུབ་མེད་པར་ལྷག་པ་དང་། རྗེས་སུ་གྲོས་ཚོགས་ལས་རིམ་དེ་སྤྱི་ལོ་༢༠༢༣ལོའི་སྤྱི་ཟླ་༡༢པའི་ནང་འཚོགས་གཏན་འཁེལ་བའང་སྤྱི་འཐུས་ཁག་ཅིག་དགོངས་ཞུས་ཀྱིས་སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་འཕར་འགྱངས་གནང་དགོས་ཆགས་སྟབས། སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་སྐབས། ཐོག་མར་གོང་བརྗོད་གནད་དོན་དེར་བདེ་སྲུང་ལས་ཁུངས་ཀྱིས་ཞིབ་འཇུག་མཐིལ་ཕྱིན་གྱི་སྙན་ཐོ་བཏོན་པའི་སྙིང་དོན་ནི། རྒྱ་གར་གྱི་སི་ལི་གུ་རིར་གྲོང་ཁྱེར་དུ་(Mayfair Tea Resort)་མགྲོན་ཁང་ནང་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་པ་ཁྲེན་ཧྲུའུ་མི་དང་དོ་བདག་གཉིས་ཐུག་འཕྲད་བྱས་པའི་དངོས་དཔང་ར་འཕྲོད་ཐུབ་པ་མི་འདུག་ཅེས་གསལ་ཡོད་པ། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་ད་ལན་གྱི་གྲོས་ཚོགས་སུ་སྙན་སྒྲོན་དང་སྦྲགས། ཁུངས་སྐྱེལ་དཔང་རྟགས་གང་ཡང་མེད་དུས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ལ་བསྙོན་འཛུགས་ཀྱི་གནས་བབ་དེ་གཞི་རྩ་མེད་པ་དང་གཙང་མ་ཆགས་ཚར་པ་རེད་ཅེས་གསལ་སྟོན་གནང་བ་དང་མཉམ་ལས་རིམ་དབུ་འཛུགས་གནང་ཡོད་པ་རེད།
སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་སུ་སྐྱོན་འཛུགས་བྱེད་མཁན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས། ཚོགས་གཙོས་ད་ལྟ་བར་གྱི་བྱུང་རིམ་ཚང་མ་གྲོས་ཚོགས་དེབ་ཐེར་ནས་ཕྱིར་འཐེན་ཡིན་པ་དང་། ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཡིན་ཞེས་གསུངས་ཏེ་གྲོས་ཚོགས་གཤིས་འཇམ་པོའི་ངང་འགྲོ་བཞིན་པ་དེ་བཞིན་དུ་མུ་མཐུད་འགྲོ་བ་མ་གཏོགས། དེ་ལས་སྤྲོས་པ་ད་བར་བྱུང་རིམ་ལ་རྒྱབ་བཤིག་བརྒྱབས་ཏེ་གང་ཡང་ཞུ་རྒྱུ་མེད་ཅེས་འགྲེལ་བརྗོད་གནང་སོང་།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ད་ལྟ་བར་དུ་གནད་དོན་དེ་གནས་སྟངས་ཤིག་གི་འོག་ནས་ཕྱིན་པ་རེད། ཡིན་ནའང་རྒྱ་ཆེ་ས་ནས་ང་ཚོས་བོད་སྤྱི་བ་ལ་བསམ་བློ་གཏོང་དགོས་པ་མ་གཏོགས། ཁྲིམས་སྒྲིག་བསྐྱར་བཅོས་དགོས་རིགས་སོགས་དུས་ཐོག་བྱ་མ་ཐུབ་པར། ཕར་འགྱངས་སོང་ན་ཕན་གནོད་ག་ཚོད་འདྲེན་བཞིན་པ་ཚང་མས་མཁྱེན་གསལ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།