གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་ཚོགས་དུས་དེ་བཞིན་ ༢༠༢༤ ཕྱི་ཟླ་ ༣ པའི་ནང་འཕར་འགྱངས་གནང་བ།

2023.12.21
གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་ཚོགས་དུས་དེ་བཞིན་ ༢༠༢༤ ཕྱི་ཟླ་ ༣ པའི་ནང་འཕར་འགྱངས་གནང་བ། བོད་མི་མང་སྤྱི་འཐུས་ལྷན་ཚོགས།
RFA/Tenzin Lekmon

སྤྱི་འཐུས་ ༡༦ གྱིས་རིང་མིན་ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་ཚོགས་འཆར་ཡོད་པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་ཚོགས་དུས་ཐོག་བཅར་མི་ཐུབ་པའི་ཡིག་ཐོག་དགོངས་ཤོག་ཕུལ་བར་བརྟེན། གྲོས་ཚོགས་ཚོགས་པར་སྤྱི་འཐུས་ཉུང་མཐའི་གྲངས་ཚད་ལོན་གྱི་མེད་པའི་དབང་གིས། མཇུག་སྐྱོང་ཚོགས་དུས་དེ་བཞིན་ ༢༠༢༤ ལོའི་ཕྱི་ཟླ་ ༣ པའི་ནང་འཕར་འགྱངས་བྱས་ཡོད་པ་ཚོགས་དྲུང་ལས་ཁུངས་ནས་འདི་ཚེས་ ༢༡ ཉིན་སྤྱི་འཐུས་རྣམ་པར་ཚོགས་བརྡ་བཏང་འདུག

WhatsApp Image 2023-12-21 at 2.44.28 PM.jpeg

གོང་ཞུས་ཚོགས་བརྡའི་ནང་། ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༡༢ ཚེས ༢༥ ནས་ ༢༩ བར་ལས་ཉིན་ལྔ་བསྐྱང་གཏན་འཁེལ་བའི་ཡིག་ཆུང་སྔོན་སོང་ཡང་། ད་ཆ་མཚན་གཞུང་ཟུར་གསལ་སྤྱི་འཐུས་གྲངས་ ༡༦ ནས་གྲོས་ཚོགས་བཅར་ཐུབ་མིན་ཡིག་ཐོག་དགོངས་ཤོག་འབྱོར་བར་བརྟེན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཞེ་དགུ་པའི་ནང་གསེས་ ༢ པ་ལྟར། སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར། འཕར་འགྱངས་གྱིས། ཚོགས་དུས་དྲུག་པའི་ལས་དོན་མཇུག་སྐྱོང་དགོས་རིགས་རྣམས་ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༣ ནས་ ༡༦ བར་ལས་ཉིན་བཞི་རིང་བསྐྱང་གཏན་འཁེལ་ཡོད་ཅེས་འཁོད་འདུག

ཚོགས་དྲུང་ལས་ཁུངས་སུ་ཡིག་ཐོག་དགོངས་ཤོག་ཕུལ་མཁན་སྤྱི་འཐུས་རྣམས་ནི། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་དང་། སྤྱི་འཐུས་ཟླ་བ་ཚེ་རིང་། སྤྱི་འཐུས་དངོས་གྲུབ་རྡོ་རྗེ། སྤྱི་འཐུས་ཀརྨ་དགེ་ལེགས། སྤྱི་འཐུས་ཡེ་ཤེས་སྒྲོལ་མ། སྤྱི་འཐུས་རིག་འཛིན་ལྷུན་གྲུབ། སྤྱི་འཐུས་ཚེ་རང་ལྷ་མོ། སྤྱི་འཐུས་བཀྲ་ཤིས་དོན་གྲུབ། སྤྱི་འཐུས་སྲི་ཐར་བློ་བཟང་རྒྱ་མཚོ། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ། སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི། སྤྱི་འཐུས་པདྨ་མཚོ། སྤྱི་འཐུས་བསྟན་འཛིན་ཆོས་འཛིན། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་བཅས་ཀྱིས་དགོངས་ཤོག་ཕུལ་ཡོད་པ་འཁོད་འདུག

ཡང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པ་དེ་བཞིན་ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༨ ནས་ ༣༠ བར་ལས་ཉིན་བཅུ་གཉིས་རིང་ཚོགས་གཏན་ཁེལ་བའི་ཚོགས་བརྡ་བཏང་འདུག་ཅིང་། ཚོགས་དུས་དེ་ནི་གཙོ་བོ བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤-༢༥ ལོའི་སྔོན་རྩིས་སྤྱི་ཡོངས་ཐོག་བགྲོ་གླེང་གནང་གི་ཡོད་པ་རེད།

འདི་གའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས། སྤྱི་འཐུས་ཕྱོགས་གཉིས་ཀའི་གཅིག་འཐུས་རེར་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར། རིང་མིན་ཕྱི་ཟླ་ ༣ པའི་ཚེས་ ༡༣ ཉིན་ཚོགས་དུས་དྲུག་པའི་མཇུག་སྐྱོང་ཚོགས་དུས་དེ་བཞིན་ཚོགས་པ་ཡིན་ན། སྐབས་དེའི་སྔོན་རྩིས་གྲོས་ཚོགས་ལ་ཤུགས་རྐྱེན་ཐེབས་ཀྱི་མ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་དེ་དང་ཕྱོགས་མཚུངས་འདི་གའི་གསར་འགོད་པས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་འཐུས་ཚོའི་ལས་དོད་དང་ཉིན་དོད། དེ་བཞིན་འགྲིམ་འགྲུལ་ཚུད་པའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་གཅིག་ལ་འགྲོ་གྲོན་ཁྱོན་བསྡོམས་ཧིན་སྒོར་འབུམ་ ༤༥ ལྷག་གཏོང་གི་ཡོད་འདུག

གཞན་ཡང་གྲོས་ཚོགས་མུ་མཐུད་ཚོགས་མ་ཐུབ་པའི་གནས་ཚུལ་དེའི་དོན་རྐྱེན་གཙོ་བོ་ཞིག་ནི། དེ་སྔོན་ཕྱི་་ཟླ་ ༩ པའི་་གྲོས་ཚོགས་ཚོགས་དུས་དྲུག་པའི་སྐབས་ཆོས་བརྒྱུད་སྤྱི་འཐུས་དགེ་བཤེས་སྨོན་ལམ་ཐར་ཕྱིན་ལགས་རྒྱ་མིའི་གསང་མྱུལ་དང་འབྲེལ་བ་ཡོད་ཚུལ་གྱི་རྙོག་གླེང་དང་འབྲེལ་ནས་སྐབས་དེའི་གྲོས་ཚོགས་མུ་མཐུད་ཚོགས་རྒྱུར་སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོན་པའི་རྐྱེན་གྱིས། གྲོས་ཚོགས་ཉིན་གསུམ་རིང་མ་གཏོགས་ཚོགས་ཐུབ་མེད་པ་རེད།

ནོར་བཅོས། འདི་ཚེས་ ༢༠ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་གནས་ཚུལ་སྤེལ་བའི་ནང་། ཆོས་བརྒྱུད་སྤྱི་འཐུས་ ༡ གཅིག་ནས་བཅར་མི་ཐུབ་པའི་དགོངས་ཤོག་ཕུལ་བ་དེ་ནོར་འདུག 

གསར་འགོད་པ། བློ་བཟང་དགེ་ལེགས།  
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎