གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་ཚོགས་དུས་དེ་བཞིན་ཚོགས་རྒྱུ་ཁག་པོ་ཆགས་འདུག

2023.12.20
གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་ཚོགས་དུས་དེ་བཞིན་ཚོགས་རྒྱུ་ཁག་པོ་ཆགས་འདུག
བོད་མིའི་སྒྲིག་འཛུགས།

འདི་གའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས། འདི་ཚེས་༢༠ ཉིན་སྤྱི་འཐུས་ཁག་ཅིག་བརྒྱུད་ནས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། སྤྱི་ཟླ་༡༢ ཚེས་༡༣ དང་༡༤ ཉིན་མདོ་སྨད་སྤྱི་འཐུས་༩ དང་། དབུས་གཙང་སྤྱི་འཐུས་༥ མདོ་སྟོད་སྤྱི་འཐུས་༡   ཆོས་བརྒྱུད་སྤྱི་འཐུས་༡ དེ་བཞིན་ཨོ་གླིང་སྤྱི་འཐུས་༡ བཅས་ཁྱོན་སྤྱི་འཐུས་༡༧ ཡིས་ཚོགས་དྲུང་ལས་ཁུངས་སུ་འདི་ཚེས་༢༥ ཉིན་ཚོགས་རྒྱུའི་གསལ་བསྒྲགས་བསྐྱངས་བའི་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་ཚོགས་དུས་དེར་བཅར་མི་ཐུབ་པའི་པའི་དགོངས་ཤོག་ཕུལ་འདུག
འདི་གའི་གསར་འགོད་པས་ཚོགས་དྲུང་ལས་ཁུངས་སུ་འདི་ཚེས་༢༥ཉིན་མཇུག་སྐྱོང་ཚོགས་དུས་དེ་བཞིན་ཚོགས་རྒྱུའི་གནས་སྟངས་ཐད་བཀའ་འདྲི་ཞུས་པར། དེ་སྔ་ཚོགས་དྲུང་ལས་ཁུངས་ནས་གསལ་བསྒྲགས་བསྐྱངས་པ་བཞིན། མཇུག་སྐྱོང་ཚོགས་དུས་དེ་བཞིན་ཚོགས་གཏན་འཁེལ་བའི་གསལ་བསྒྲགས་ལ་ད་ལྟའི་ཆར་འགྱུར་བ་གང་ཡང་ཕྱིན་མེད་པ་གསུངས་བྱུང་།
གཞི་རྩའི་ཆ་ནས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་པར་གྲོས་ཚོགས་རྭ་བའི་ནང་། སྤྱི་འཐུས་ངོ་ཡོད་རྩ་འབོར་གསུམ་ཆ་གཉིས་ཚང་དགོས་ཀྱི་ཡོད་པ་དང་། ཁ་གྲངས་ཐོག་ནས་བཤད་ན། སྤྱི་འཐུས་གསུམ་བཅུ་ལྷག་ཚང་དགོས་ཀྱི་ཡོད་པ་རེད།
གྲོས་ཚོགས་མུ་མཐུད་ཚོགས་མ་ཐུབ་པའི་གནས་ཚུལ་དེའི་དོན་རྐྱེན་གཙོ་བོ་ཞིག་ནི། དེ་སྔོན་སྤྱི་ཟླ་༩པ་གྲོས་ཚོགས་ཚོགས་དུས་དྲུག་པའི་སྐབས་ཆོས་བརྒྱུད་སྤྱི་འཐུས་དགེ་བཤེས་སྨོན་ལམ་ཐར་ཕྱིན་ལགས་རྒྱ་མིའི་གསང་མྱུལ་དང་འབྲེལ་བ་ཡོད་ཚུལ་གྱི་རྙོག་གླེང་དང་འབྲེལ་ནས་སྐབས་དེའི་གྲོས་ཚོགས་མུ་མཐུད་ཚོགས་རྒྱུར་སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོན་པའི་རྐྱེན་གྱིས། གྲོས་ཚོགས་ཉིན་གསུམ་རིང་མ་གཏོགས་ཚོགས་ཐུབ་མེད་པ་རེད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་དགུ་བའི་ནང་གསེས་༢པར། སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན།
ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུའི་སྐུ་དབང་ཡོད་པ་དང་། འདི་གའི་གསར་འགོད་པས་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཉིས་ལ་འདི་ཚེས་༢༥ ཉིན་མཇུག་སྐྱོང་ཚོགས་དུས་དེ་བཞིན་ཚོགས་ཐུབ་མིན་སྐོར་བཅར་འདྲི་ཡོང་ཐབས་ཞུས་ཀྱང་། ཡ་ལན་གང་ཡང་གནང་མ་སོང་།
གཞན་ཡང་ཁ་སྔོན་སྤྱི་ཟླ་༡༡ཚེས་༡༦ཉིན་ཚོགས་དྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པར་ཚོགས་དུས་དྲུག་པའི་ལས་དོན་མུ་མཐུད་སྐྱོང་རྒྱུ་དང་འབྲེལ་བའི་བརྡ་ཐོ་བཏང་བའི་རྗེས། སྤྱི་ཟླ་༡༡ ཚེས་༢༠་ཉིན་མདོ་སྨད་དང་དབུས་གཙུང་སྤྱི་འཐུས་༡༦ ཡིས་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཉིས་ལ་ཞུ་སྙན་ཕུལ་ཏེ། མཇུག་སྐྱོང་ཚོགས་དུས་དེ་བཞིན་ངེས་པར་དུ་སྤྱི་ཟླ་༡༢ནང་འཚོགས་དགོས་པའི་ཛ་དྲག་དགོས་གལ་ཆེ་བ་གང་ཡང་མ་མཐོང་ཞེས་དང་། མཇུག་སྐྱོང་ཚོགས་དུས་ལ་གཞུང་གྲོན་ཚད་ལས་བརྒལ་བ་འགྲོ་ངེས་ཡིན་ཚུལ་སོགས་བརྗོད་འདུག
འདི་གའི་གསར་འགོད་པས་ཁུངས་ལྡན་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་འཐུས་ཚོའི་ལས་དོད་དང་ཉིན་དོད། དེ་བཞིན་འགྲིམ་འགྲུལ་ཚུད་པའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་གཅིག་ལ་འགྲོ་གྲོན་བསྡོམས་ཧིན་སྒོར་འབུམ་༤༥ལྷག་གཏོང་གི་ཡོད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས། 
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎