བདམས་ཐོན་སྤྱི་འཐུས་རྣམ་པའི་ནང་མོལ་ཚོགས་འདུ་ཉིན་གཅིག་ཕར་འགྱངས་གནང་འདུག

2021.09.28
བདམས་ཐོན་སྤྱི་འཐུས་རྣམ་པའི་ནང་མོལ་ཚོགས་འདུ་ཉིན་གཅིག་ཕར་འགྱངས་གནང་འདུག བདམས་ཐོན་སྤྱི་འཐུས་རྣམ་པ་ནང་མོལ་ཚོགས་འདུ་ཚོགས་ཡུལ། ༩།༢༨།༢༡
RFA/Dhasa

བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ། སྐབས་༡༧་པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་བར་ཉིན་གཉིས་རིང་གི་ནང་མོལ་ཚོགས་འདུ་ཞིག་བསྐོང་འཚོགས་གནང་ནས། ཉིན་དང་པོར་ད་ལྟའི་དཀའ་རྙོག་དང་འབྲེལ་བའི་ཐོག་ལ་གྲོས་བསྡུར་དང་ཐམས་ལམ་ཇི་ཡོད་སྤུང་རྒྱུ་དང་། ཉིན་གཉིས་པར། ཐབས་ལམ་རྣམས་ཕྱོགས་བསྡུས་ཀྱི་གྲོས་ཆོད་འཇོག་རྒྱུ་བཅས་ཡིན་འདུག་ཀྱང་ཚེས་༢༨་ཉིན་ནང་མོལ་ཚོགས་འདུའི་ཐོག་བཀའ་བསྡུར་མ་ཚར་བར་བརྟེན་ཚེས་༢༩་ཉིན་རྒྱབ་བར་ནང་མོལ་ཚོགས་འདུ་ཕར་འགྱངས་གནང་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ནང་མོལ་སྐབས་བདམས་ཐོན་སྤྱི་འཐུས་རྣམ་པས་ཐབས་ལམ་མི་འདྲ་བ་ཁག་འགའ་ཤས་ཐོག་བགྲོ་གླེང་གནང་ཏེ་ཐབས་ལམ་རེ་རེའི་ཐོག་བདམས་ཐོན་སྤྱི་འཐུས་ཀྱི་ངོ་ཡོད་གསུམ་ཆ་གཉིས་ཀྱིས་མོས་མཐུན་བྱུང་བར་དེ་གཏན་འབེབས་གནང་རྒྱུའི་ཐག་གཅོད་གནང་ཡོད་འདུག ཐེངས་འདིར་བདམས་ཐོན་སྤྱི་འཐུས་༤༤་ཚོགས་བཅར་གནང་ཡོད་པ་དང་། དེའི་ངོ་ཡོད་གྲངས་ཚད་དེ་བདམས་ཐོན་སྤྱི་འཐུས་༢༩་ཆགས་ཀྱི་ཡོད་པ་རེད། ཨོ་ཊལ་ཨེ་ཤེ་ཡའི་བདམས་ཐོན་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་འདི་ཚེས་༣༠་ཉིན་མ་གཏོགས་ངོ་བཅར་ཞུ་ཐུབ་ཀྱི་མེད་པ་རེད།
ཐེངས་འདིའི་ནང་མོལ་ཚོགས་འདུའི་ཐོག་གཙོ་སྐྱོང་གནང་མཁན་བདམས་ཐོན་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། བདམས་ཐོན་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་གཉིས་སྤྱི་མོས་གཏན་འཁེལ་བྱུང་ཡོད་པ་དང་། ཚིག་ཐོ་འགོད་མཁན་ཆོལ་ཁ་གསུམ་ནས་བདམས་ཐོན་སྤྱི་འཐུས་རེ་དང་ཆོས་བརྒྱུད་དང་ཕྱི་རྒྱལ་སྤྱི་འཐུས་བཅས་ནས་རེ་རེ་བདམས་ཐོན་སྤྱི་འཐུས་ལྔ་ཡོད་པ་རེད་འདུག
ཚོགས་འདུའི་སྐབས་སྲུང་བརྩི་དགོས་པའི་སྒྲིག་ལམ་ཁག་ཅིག་གཏན་འདེབས་གནང་ཡོད་པའི་ནང་། བཀའ་མོལ་གནང་དགོས་བྱུང་རིགས་ནས་ཕྱག་བརྐྱང་ནས་གཙོ་སྐྱོང་བར་བརྡ་སྟོན་ཞུས་པར་མིང་འབོད་བྱུང་མཚམས་གཞི་ནས་བཀའ་མོལ་གནང་དགོས་པ། གཞན་གྱིས་བཀའ་མོལ་གང་གསུངས་པ་རྣམས་གསན་དགོས་པ། སོ་སོའི་འདོད་མོས་དང་མཐུན་མིན་བྱུང་ཚེ། ཚོགས་ཁང་ནས་ཕྱིར་ཐོན་པའམ་རྣམ་འགྱུར་ངན་པའི་རིགས་སྟོན་མི་ཆོག་པ། གྲོས་གཞི་དང་འབྲེལ་བ་ཡོད་པ་ལས་གཞན་གང་བྱུང་བཤད་མི་ཆོག་པ། སྒྲ་འཇུག་དགོས་པའི་གྲོས་བསྡུར་བྱུང་ན་ལས་སྒེར་སོ་སོ་ནས་སྒྲ་འཇུག་དང་། བརྙན་པར་ལེན་པའི་རིགས་གཏན་ནས་བྱ་མི་ཆོག ཚོགས་འདུ་མཇུག་བསྒྲིལ་བར་སྒེར་སོ་སོ་ནས་སྤྱི་ཚོགས་དྲ་རྒྱ་དང་། བརྒྱུད་ལམ་ཁག་ལ་གང་བྱུང་བཤད་ཐལ་མི་ཆོག་ཞེས་གཏན་འབེབས་གནང་ཡོད་འདུག

གསར་འགོད་པ། ཨྱོན་བསྟན་འཛིན།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎