རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོ་བཏོན་ནས་བོད་ནང་ཡར་རྒྱས་བཏང་ཡོད་ཚུལ་དྲིལ་བསྒྲགས་བྱས་འདུག
རྒྱ་ནག་གཞུང་གིས་བོད་ཐོག་བཏོན་པའི་རྒྱབ་ཤ་དཀར་པོའི་ནང་དོན་ཁག་ནི་འཁྱོག་བཤད་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ལོ་རྒྱུས་སྨྲ་བས་གསུངས་བྱུང་།
རྒྱ་ནག་གཞུང་གིས་བོད་ནང་འདས་པའི་ལོ་བདུན་བཅུའི་ནང་བོད་ནང་ཆོས་དད་རང་དབང་དང་ཤེས་ཡོན། རྨང་གཞིའི་འཛུགས་བསྐྲུན་ཡར་རྒྱས་ཚད་མེད་བཏང་ཡོད་ལུགས་སོགས་བརྗོད་ཡོད་ཀྱང་། དོན་དངོས་བོད་མི་ཚོའི་རང་དབང་ཡོངས་སུ་འཕྲོག་སྟེ་འགྲོ་སྡུག་སྤྱོད་གསུམ་ཐོག་དམ་དྲག་ཧ་ཅང་ཆེན་པོ་བྱེད་བཞིན་པར་མ་ཟད། འདས་པའི་ལོ་བདུན་བཅུའི་ནང་རྒྱ་ནག་གཞུང་གིས་བོད་མི་ཚོ་རྒྱ་མིར་འགྱུར་རྒྱུའི་ལས་འགུལ་ཟམ་མི་ཆད་པ་སྤེལ་མུས་ཡིན་པ་བོད་དོན་དོན་གཉེར་བ་ཚོས་ལན་འདེབས་བྱེད་བཞིན་ཡོད་པ་རེད།
༡༩༥༡ ཕྱི་ཟླ་ ༥ ཚེས་ ༢༣ ནི་མའོ་ཙེ་ཏུང་གི་བཙུགས་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་བོད་ཞི་བའི་བཅིངས་གྲོལ་གཏོང་ལུགས་ཀྱི་མིང་གི་ཐོག་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་ཞིག་བཙན་གྱིས་བཞག་བཅུག་པའི་ཉིན་མོ་དེ་ཡིན་ཞིང་། ལོ་ངོ་བདུནབཅུའི་རིང་རྒྱ་ནག་གཞུང་ཕྱོགས་ནས་བོད་རྒྱ་ཁོངས་ཡིན་ལུགས་དང་། བོད་ཕྱི་རྒྱལ་བཙན་རྒྱལ་རིང་ལུགས་པའི་དབང་འོག་ནས་བཅིངས་གྲོལ་བཏང་ལུགས། བོད་ཀྱི་འཛུགས་བསྐྲུན་ཡར་རྒྱས་དང་། མང་ཚོགས་ཀྱི་བདེ་སྐྱིད་ཧ་ལང་པའི་ཡར་རྒྱས་བཏང་ཡོད་ལུགས་དྲིལ་བསྒྲགས་བྱེད་མུས་ལྟར། ཕྱི་ཟླ་ ༥ ཚེས་ ༢༡ ཉིན་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱ་ནག་གཞུང་གིས་བོད་ཐོག་རྒྱབ་ཤ་དཀར་པོའི་དེབ་ཞེས་པ་དོན་ཚུན་བཅུ་ཡོད་པ་ཞིག་བཏོན་ནས། བོད་ནང་གནམ་ཐང་མང་པོ་གསར་རྒྱག་བྱས་ལུགས་དང་། འཚོ་བའི་མཐུན་རྐྱེན་ཡར་རྒྱས་ཕྱིན་ལུགས། ཆོས་དད་རང་དབང་ཡོད་ལུགས། བོད་སྐད་དང་བོད་ཡིག་གི་གནས་ཚད་ཡར་རྒྱས་སོང་ཡོད་ལུགས་སོགས་དྲིལ་བསྒྲགས་བྱས་འདུག
དེའི་ནང་བོད་ནང་དགོན་པ་ལ་སོགས་པ་ཆོད་ཕྱོགས་ཀྱི་བརྟེན་གཞི་ཆིག་སྟོང་བདུན་བརྒྱ་ ༡༧༠༠ ཙམ་དང་དགེ་འདུན་པ་བཞི་སྟོང་ ༤༠༠༠༠ ཙམ་ཡོད་ལུགས་བཀོད་འདུག་ཀྱང་། ཕྱི་ལོ་ ༡༩༥༩ ནས་ ༡༩༧༩ བར་གྱི་ལོ་ཉི་ཤུའི་ནང་སེ་འབྲས་དགའ་གསུམ་སོགས་བོད་ས་ཁུལ་གང་སའི་ནང་ཁྱོན་བསྡོམས་དགོན་པ་སྟོང་ཕྲག་དྲུག་ཙམ་གཏོར་བཤིག་བཏང་པ་དང་། གྲྭ་བཙུན་ཁྲི་ཚོ་མང་པོ་དམར་བསད་བཏང་པའི་སྐོར་སོགས་གང་ཡང་བཀོད་མེད་པ་རེད།
དེ་བཞིན་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་བོད་མི་ཚོར་ཆོས་དད་རང་དབང་ཚད་མཐོ་ཡོད་སྐོར་སོགས་བཀོད་ཡོད་ཀྱང་། ཆོས་ལ་དད་པ་བྱས་པ་ཙམ་གྱི་བོད་མི་ག་ཚོད་དམར་བསད་བཏང་པ་དང་བཙོན་བཅུག་བྱས་པ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་ཚག་བྱེད་པ་དང་གསུང་ཉན་པ་ཙམ་གྱིས་བཙོན་བཅུག་བྱེད་བཞིན་པའི་གནས་ལུགས་སོགས་གང་ཡང་བཀོད་མེད་ལ། དེང་སྐབས་བོད་ཀྱི་དགོན་སྡེ་ཁག་ནང་གྲྭ་བཙུན་ཚད་བཀག་དང་ལོ་ན་བཅོ་བརྒྱད་མ་ཟིན་བར་དགོན་པའི་ནང་ཆོས་ཞུགས་བྱེད་མི་ཆོག་པའི་དམ་དྲག་གི་གནས་ལུགས་སོགས་ཀྱང་རྒྱ་ནག་གི་དྲིལ་བསྒྲགས་ཡིད་ཆ་དེའི་ནང་བཀོད་མེད་པ་རེད།
དེ་བཞིན་རྒྱ་ནག་གཞུང་གིས། ལོ་ངོ་༧༠འི་ནང་བོད་ནང་ཤེས་ཡོན་སློབ་གསོའི་ཐོག་མ་དངུལ་འབོར་ཆེན་བཏང་ཡོད་ཚུལ་དང་། ལྷོ་ནུབ་རང་སྐྱོང་ས་ཁུལ་ཁག་དུ་སློབ་གྲྭ་ཁྲི་༤་ཙམ་དང་སློབ་མ་གྲངས་ཧ་ལམ་འབུམ་༨་ཙམ་ཡོད་པ་སོགས་བརྗོད་འདུག
ཡིན་ན་ཡང་དོན་དངོས་འདས་པའི་ལོ་བདུན་བཅུའི་ནང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་བྱེད་མཁན་བོད་མི་མང་པོ་འཇུ་བཟུང་དང་བཙོན་བཅུག་སོགས་བྱས་ཡོད་པ་བོད་གནས་ཉམས་ཞིབ་པ་དང་། རྒྱལ་སྤྱིའི་ནང་གི་གཞུང་དང་གྲོས་ཚོགས། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་བརྗོད་བཞིན་ཡོད་ལ། ཉེ་དུས་སུ་བོད་ཀྱི་དགོན་པ་ཁག་ཅིག་གིས་བོད་པའི་སློབ་ཕྲུག་ཚོར་བོད་ཡིག་གི་སློབ་སྦྱོང་ཟུར་སྤྲོད་བྱེད་མཁན་ཡོད་པ་དེ་དག་ལ་ཁྲིམས་འགལ་དུ་ངོས་འཛིན་གྱིས་དམ་བསྒྲགས་བྱེད་བཞིན་ཡོད་པ་རེད། བོད་ནང་སྐད་ཡིག་གི་ཐོབ་ཐང་གླེང་བ་ཙམ་གྱིས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པའི་ཡོངས་གྲགས་ཅན་གྱི་དཔེ་མཚོན་ཞིག་ནི། བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་འཇུ་བཟུང་དང་བཙོན་བཅུག་བྱས་པ་དེ་ཡིན་ཞིང་། ད་དུང་ཁོང་མ་ཡིན་པ་འདས་པའི་ལོ་གཅིག་གི་དུས་ཡུན་དེ་གཅིག་པུའི་ནང་བོད་ཀྱི་རིག་གཞུང་དར་སྤེལ་གནང་མཁན་སྒོ་ཤེས་རབ་རྒྱ་མཚོ་ལགས་སོགས་པ་ཤེས་ལྡན་པ་དང་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཡོད་པའི་བོད་མི་བདུན་ཙམ་འཛིན་བཟུང་བཙོན་བཅུག་བྱས་ཡོད། འོན་ཀྱང་རྒྱ་ནག་གི་བོད་ཀྱི་རྒྱབ་ཤ་དཀར་པོ་ཟེར་བའི་དྲིལ་བསྒྲགས་ཀྱི་ཡིག་ཆ་དེའི་ནང་གནས་ཚུལ་འདི་དག་ཚིག་ཅིག་ཀྱང་བཀོད་སྤེལ་བྱས་མིན་འདུག
གནད་དོན་དབྱེ་ཞིབ་ཚོས་བོད་ཐོག་རྒྱབ་ཤ་དཀར་པོའི་དེབ་ཞེས་བ་དེའི་དམིགས་ཡུལ་གཙོ་བོ་ནི། བོད་དེ་གནའ་སྔ་མོ་ནས་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ལུགས་དང་། ཆོས་ཕྱོགས་དང་མི་རིགས་ཀྱི་ལས་དོན་ཐད་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོན་ཡོད་ལུགས། བོད་པའི་སྲོལ་རྒྱུན་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ། བོད་མི་ཡོངས་རྫོགས་དབུལ་པོའི་གནས་ལས་གྲོལ་ཟིན་ཡོད་ལུགས་བརྗོད་བཞིན་པ་དེར་ཕྱི་ཕྱོགས་ནས་ཡིད་ཆེས་སླེབས་བཟོ་རྒྱུ་དེ་ཡིན་པ་ལས། དོན་དངོས་བོད་ནང་གི་བོད་མིའི་མངོན་འདོད་བསྐོང་རྒྱུ་དང་། བོད་མི་ཚོའི་རང་དབང་གི་གནས་བབས་གོང་མཐོར་གཏོང་རྒྱུ་སོགས་ཀྱི་སྐོར་ཚིག་གཅིག་ཀྱང་བཀོད་མེད་པ་རེད།
བོད་མི་ཚོས་ནི་ཟླ་༥་བའི་ཚེས་༢༣་ནི་བོད་ཀྱི་ལོ་རྒྱུས་ནང་མུན་ནག་གི་ཉིན་མོར་བརྩི་བཞིན་ཡོད་པ་རེད།