རྒྱ་ནག་གཞུང་གིས་བྲག་འགོ་གནས་ནང་དགོན་པའི་དགེ་འདུན་གཉིས་འཛིན་བཟུང་བྱས་འདུག

2022.01.12
རྒྱ་ནག་གཞུང་གིས་བྲག་འགོ་གནས་ནང་དགོན་པའི་དགེ་འདུན་གཉིས་འཛིན་བཟུང་བྱས་འདུག གནས་ནང་དགོན་པ་དང་འཛིན་བཟུང་བྱས་བའི་དགེ་འདུན་པ་གཉིས།
བོད་འབྱོར།/RFA

རྒྱ་ནག་གཞུང་གིས་བྲག་འགོ་རྫོང་ཁོངས་སུ་ཆགས་པའི་གནས་ནང་དགོན་པ་ཞུ་བ་དེའི་དགོན་བདག་སྤྲུལ་སྐུ་ཆོས་ཀྱི་ཉི་མ་ཞེས་པ་ཁོང་གི་སྤུན་གྱི་སྲས་གཉིས་དེ། སྲས་ཆེ་བ་བསྟན་འཛིན་ནོར་བུ་དང་འབྲིང་བ་དབང་ཆེན་ཉི་མ་གཉིས་ཕྱི་ལོ་༢༠༢༡་ལོའི་ཕྱི་ཟླ་༨་པའི་ཚེས་༡༥་ཙམ་ལ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ནས། རྟའུ་རྫོང་གི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱེད་བཞིན་པའི་གནས་ཚུལ་ཐོན་ཡོད་ཀྱང་། འབྲེལ་ཡོད་ཚོས་གནས་ཚུལ་དེ་གསར་འགྱུར་བརྒྱུད་ལམ་ཁག་ལ་བསྒྲགས་ན་ཁོང་གཉིས་ལ་ཕན་ཐོགས་མེད་པའི་བསམ་ཚུལ་བྱུང་ནས་ད་བར་ཕྱིར་བསྒྲགས་བྱས་མི་འདུག
ད་ལྟའི་ཆར་བྲག་འགོ་རྫོང་གི་གནས་སྟངས་སྤྱི་ཡོངས་ནས་དམ་དྲག་འོག་ལ་ཡོད་པ་དང་། གོང་ཞུས་འཛིན་བཟུང་བྱས་པའི་གྲྭ་བ་སྤུན་གཉིས་ཀྱི་ནང་མི་ཚོ་ཁོང་གཉིས་ལ་ཐུག་འཕྲད་བྱེད་འཇུག་གི་མེད་པ་དང་། ཁོང་གཉིས་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་སོགས་གསལ་བོར་ཤེས་ཀྱི་མེད་པ་འབྲེལ་ཡོད་ནིའུ་ཡོག་ཏུ་བཅའ་བཞུགས་མིང་བརྗོད་འདོད་མེད་མཁན་ཞིག་གིས་ངོ་སྤྲོད་གནང་བྱུང་།
དེ་བཞིན་གནས་ཚུལ་འདིའི་སྐོར་ལ་བོད་ཕྱི་ལོགས་སུ་བཞུགས་མཁན་འབྲེལ་ཡོད་མི་གཞན་ཞིག་གིས་ཡིག་ཐོག་ནས་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་དུ། གོང་ཞུས་འཛིན་བཟུང་བྱས་པའི་གྲྭ་དབང་ཆེན་ཉི་མ་ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་ཐད་ནས་སློབ་གསོ་སྤེལ་བའི་རྐྱེན་གྱིས་སྔོན་མ་འཛིན་བཟུང་བྱས་མྱོང་བ་དང་།

ཕྱི་ལོ་༢༠༡༥་ཙམ་ལ་རྒྱ་ནག་གཞུང་གིས་དགོན་པ་དེའི་སློབ་གྲྭ་སྒོ་རྒྱབ་བཅུག་པའི་དོན་རྐྱེན་དང་འབྲེལ་ནས་ཁོང་གཉིས་ཀྱི་སྤུན་ཆུང་ཤོས་ཨོ་རྒྱན་ཆོས་གྲགས་ཞུ་བ་ཡང་འཛིན་བཟུང་བྱས་མྱོང་བའི་སྐོར་འཁོད་འདུག་ལ། གོང་ཞུས་གྲྭ་བ་སྤུན་གཉིས་འཛིན་བཟུང་བྱས་བའི་ཉིན་གྲངས་གསུམ་གྱི་རྗེས་ཕྱི་ཟླ་༨་པའི་ཚེས་༡༨་ཉིན་གྱི་དགོང་དྲོར་དགོན་པའི་འདུ་ཁང་རྙིང་བ་ཞིག་ཡོད་པ་དེར་མེ་ཤོར་ནས་མཁན་པོ་ཐུབ་བསྟན་ཞུ་བ་མེ་སྐྱོན་ཁྲོད་གྲོངས་ཡོད་པ་དང་། མཁན་པོ་ཁོང་ནི་གསེར་རྟ་བླ་རུང་སྒར་ནས་སློབ་མཐར་ཕྱིན་ཡོད་པས་དགོན་པ་དེའི་སློབ་གསོ་སྤེལ་མཁན་གཙོ་བོ་ཞིག་ཡིན་པ་དང་། དེ་བཞིན་བུ་ཀྱོ་ཞེས་པའི་གྲྭ་བ་ཞིག་ཀྱང་མེ་སྐྱོན་གྱིས་ཕྱི་ཚེས་༡༩་ཉིན་སྨན་ཁང་དུ་འགྲོ་སའི་ལམ་བར་ནས་གྲོངས་སོང་བའི་གནས་ཚུལ་བྱུང་ཡོད་པ་དང་། ཡུལ་མི་ཚོའི་ཁྲོད་དོན་རྐྱེན་དེ་ནི་རྒྱ་ནག་གཞུང་གིས་བྱས་ཡོད་པའི་དྭོགས་པ་བྱེད་མཁན་མང་པོ་ཡོད་པ་བཅས་འཁོད་འདུག
གནས་མང་དགོན་པ་ནི། བྲག་མགོ་རྫོང་ནས་རྟའུ་རྫོང་ཕྱོགས་སུ་འགྲོ་སའི་ཕྱོགས་དེ། བྲག་མགོ་རྫོང་ནས་སྤྱི་ལེ་༣༠་ཙམ་གྱི་སར་ཞིམ་མདའ་གྲོང་པ་ཞེས་པའི་ས་ནས་སྤྱི་ལེ་༤༠་ཙམ་གྱི་སར་ཞི་རི་ཁོག་ཅེས་པའི་ས་གནས་སུ་ཆགས་ཡོད་པ་དང་། གནས་ནང་དགོན་པ་འདི་ནི་རྙིང་མའི་དགོན་པ་ཞིག་ཡིན་པ་དང་། དེ་བཞིན་བྲག་མགོ་རྫོང་དུ་ཆགས་པའི་མདོ་མང་དགོན་པ་ལ་ཡང་རྒྱ་ནག་གཞུང་གིས་དམ་དྲག་བྱེད་བཞིན་པའི་གནས་ཚུལ་གོ་རྒྱུ་ཡོད་པ་ལས་ཞིབ་ཕྲ་སོགས་ཤེས་རྟོག་ཐུབ་ཀྱི་མེད་པའི་སྐོར་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎