རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་ཐབས་འདྲ་མིན་བྱེད་བཞིན་འདུག

2021.10.04
རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་ཐབས་འདྲ་མིན་བྱེད་བཞིན་འདུག རྒྱ་ཡིག་གི་ལམ་ནས་ནང་བསྟན་སློབ་ཐབས་ཀྱི་བསླབ་གཞིའི་དཔྱད་ཞིབ་ཚོགས་འདུ་ཟེར་བ།
མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་།

ཉེ་ལམ་ཕྱི་ཟླ་༩་བའི་ཚེས་༢༧་ཉིན་ནས་བཟུང་། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་ཞེས་པ་རུ་ཞི་ཅིན་ཕིན་གྱི་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བའི་ཁ་ཕྱོགས་ལ་སྐུལ་འདེད་གཏོང་ཆེད། བོད་བརྒྱུད་ནང་བསྟན་གྱི་སློབ་གྲྭ་ཁག་དང་ལས་རིགས་ཚང་མའི་ནང་རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་གདལ་གཏོང་དགོས་སྐོར་བརྗོད་ནས། རྒྱ་ཡིག་གི་ལམ་ནས་ནང་བསྟན་སློབ་ཐབས་ཀྱི་བསླབ་གཞིའི་དཔྱད་ཞིབ་ཚོགས་འདུ་ཟེར་བ་ཞིག་ཚོགས་ཡོད་པ་དང་། དེའི་ཐད་བོད་ཀྱི་དཔེ་མཛོད་ཀྱི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་རྒྱ་ནག་གཞུང་གི་བྱེད་སྟངས་དེ་ནི་བླུན་རྨོངས་དང་དབང་བསྒྱུར་ཁོ་ནར་དམིགས་པ་ཞིག་ལས། ནང་བསྟན་གཞུང་ལུགས་ཁག་རྒྱ་ཡིག་ནང་ཚད་དང་ལྡན་པ་ཞིག་དེ་སྔ་ཡོང་མེད་པ་བཞིན་མ་འོངས་པར་ཁྲིད་ཐུབ་རྒྱུ་དཀའ་ལས་ཁག་པོ་ཡིན་སྐོར་གསུངས་བྱུང་།
རྒྱ་ནག་གཞུང་གི་གནས་ཚུལ་ནང་། བོད་རང་སྐྱོང་ལྗོངས་ལས་དོན་མཐུན་སྦྱོར་ཚོགས་པའི་འགན་འཛིན་གཞོན་པ་སྲི་ཐར་གྱིས་བོད་བརྒྱུད་ནང་བསྟན་ལས་རིགས་སུ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བར་ངོས་འཛིན་གཏིང་ཟབ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བཅས་ལ་དམིགས་དགོས་སྐོར་བརྗོད་ཡོད་ན་ཡང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས་ལགས་ནས། ཐེངས་འདིར་ཚོགས་འདུའི་སྟེང་བོད་རང་སྐྱོང་ལྗོངས་ཟེར་བ་ནས་སྲི་ཐར་ཟེར་བ་དེ་ཡོང་ཡོད་པ་དེས། ཚོགས་འདུ་དེ་མཚོ་སྔོན་ཞིང་ཆེན་ཁོ་ན་ཙམ་མ་ཡིན་པར་རྒྱ་ནག་གཞུང་གིས་ཆེད་དུ་གོ་སྒྲིག་བྱས་པ་ཞིག་དང་། བོད་ཀྱི་ཆོས་དང་རིག་གཞུང་གཏོར་བཤིག་གཏོང་ཐབས་ཀྱི་ཆབ་སྲིད་ཅིག་ཆགས་ཡོད་པ་གསུངས་བྱུང་།
ཡང་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་མགོ་ཁྲིད་གཞོན་པ་ལིའུ་ཕིང་ཟེར་བས། བོད་བརྒྱུད་ནང་བསྟན་སྦྱང་རྒྱུར་རྒྱ་ཡིག་སྤྱོད་རྒྱུ་ནི་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ཆོས་ཉིད་དང་། སྐད་ཡིག་བརྗེ་སྒྱུར་ནི་ནང་བསྟན་རྒྱ་ནག་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པའི་ཐབས་ལམ་གྱི་གདམ་ག་ཉག་ཅིག་ཡིན་སྐོར་བརྗོད་ཡོད་ན་ཡང་། དགེ་བཤེས་ལྷག་རྡོར་ལགས་ནས་སྤྱིར་བོད་བརྒྱུད་ནང་བསྟན་རྒྱ་ཡིག་ནང་བསྒྱུར་རྒྱུ་ཟེར་བ་དེ་སྲིད་དོན་གྱི་ལག་ཆ་ཙམ་ལས། རྒྱ་ནག་རང་ལ་མཚོན་ན་དེ་སྔ་ནས་ནང་པའི་གཞུང་ལུགས་ཡག་པོ་ཞིག་མེད་སྟབས། ལྷག་པར་དུ་དམར་ཤོག་ཚོགས་པའི་འོག་ནས་ཡོད་ཚད་ཁོ་རང་ཚོའི་འདོད་མོས་དང་དབང་བསྒྱུར་ཐབས་ལས་ཚད་དང་ལྡན་པ་ཞིག་ཡོང་ཐབས་མེད་སྐོར་གསུངས་བྱུང་། དེ་བཞིན་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་གཞོན་པ་དང་མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་ཆེན་གྱི་འགན་འཛིན་རིན་ཆེན་རྣམ་རྒྱལ་ཟེར་བས། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་གྲྭ་བཙུན་རྣམ་པས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བེད་སྤྱོད་ཡག་པོ་བྱེད་པར་དམིགས་བསལ་གྱིས་འགན་འཁྲི་ཆེན་པོ་ཡོད་པ་དང་། བོད་བརྒྱུད་ནང་བསྟན་རྒྱ་ཡིག་གི་ལམ་ནས་ཁྲིད་རྒྱུ་ནི་ནང་བསྟན་དགེ་སློབ་ཡོངས་ཀྱིས་རྒྱ་ནག་གཅིག་མཐུན་གྱི་འདུ་ཤེས་བརྟན་པོ་ཡོང་བར་བྱེད་ཐབས་ཡིན་སྐོར་བརྗོད་ཡོད་ན་ཡང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས་ལགས་ཀྱིས་གནད་དོན་དེ་ནི་བོད་བརྒྱུད་ནང་བསྟན་གྱི་བླ་གྲྭ་ཚོས་རྒྱ་ནག་གིས་ག་རེ་བཤད་པ་ཁས་ལེན་བྱ་ཐབས་དང་། གཉིས་པ་དེ་ཀྲུང་ཧ་མི་རིགས་གཅིག་མཐུན་གྱི་འདུ་ཤེས་ཞེས་བོད་པ་ཚོ་བཙན་གྱིས་རྒྱ་མི་རིགས་ལ་བསྒྱུར་ཐབས་ཤིག་ཡིན་སྐོར་བརྗོད་བྱུང་།
མཚོ་སྔོན་ཞིང་ཆེན་གྱིས་འདི་ལོའི་ཕྱི་ཟླ་༧་པའི་ནང་བསྐྱར་བཅོས་བྱས་པའི་མཚོ་སྔོན་ཞིང་ཆེན་ཆོས་ལུགས་ལས་དོན་སྲོལ་ཡིག་ཞེས་པ་ཕྱི་ཟླ་༡༠་ཚེས་༡་ནས་བཟུང་ལག་བསྟར་བྱེད་མགོ་ཚུགས་ཡོད་པའི་ནང་། ཆོས་ལུགས་ལས་དོན་གྱིས་རྒྱ་ནག་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར། ཆོས་ལུགས་རྒྱ་ནག་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས། ཆོས་ལུགས་པས་དད་ལྡན་སྤྱི་དམངས་ལ་རྒྱལ་གཅེས་རིང་ལུགས་དང་རྒྱལ་ཁབ་འདུ་ཤེས་དང་སྤྱི་དམངས་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས་བཅས་ཁྲིད་སྟོན་དགོས་པ་སོགས་གསར་སྣོན་བྱས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎