སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་ཡོངས་སུ་མཇུག་སྒྲིལ་གནང་སོང་།


2019.09.30
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཚོགས་རྭ། ༢༠༡༩།༩།༣༠ སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཚོགས་རྭ། ༢༠༡༩།༩།༣༠
RFA

བཀའ་ཤག་གིས་ཧ་མ་གོ་བར་རྒྱ་ནག་གཞུང་ལ་སུས་འབྲེལ་བ་བྱས་ན་བཀའ་ཤག་གི་ལམ་སྟོན་དང་འགལ་བ་རེད་ཅེས་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་ནང་གསུངས་འདུག
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ། ལས་ཉིན་མཐའ་མ་སྤྱི་ཟླ་༩པའི་ཚེས་༣༠ཉིན། ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་ཐོག་དྲི་བ་དྲིས་ལན་གནང་སྐབས། དབུས་གཙང་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་ནས་སྲིད་སྐྱོང་མཆོག་ཆབ་སྲིད་ཀྱི་འགོ་ཁྲིད་ཡིན་པའི་ཐོག་ནས། བོད་རྒྱ་གྲོས་མོལ་ཆེད་ཕྱག་ལས་ཇི་ཙམ་གནང་ཡོད་པ་དང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་ཡིག་ཆ་བཞག་པའི་ཐོག སྣོན་འཕྲི་སྤོར་གཅོག་ག་རེ་བྱས་ཡོད་པ་སོགས་དྲི་བ་གནང་ཡོད་ཅིང་། དེ་ལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་འཐུས་འགའ་ཤས་ལ་བློ་བདེ་པོ་ཡོང་སྲིད་པ་རེད། ཡིན་ནའང་རྩ་དོན་དང་འབྲེལ་མོལ་ལ་གནོད་པ་ཡིན་ན་ག་རེ་ཕན་གྱི་རེད། ཡིན་གཅིག་མིན་གཅིག་ཆ་ཚང་བཤད་དགོས་བྱུང་ན་བཤད་རྒྱུ་ཡོད་ལ་འཐུས་ཤོར་བཏང་མེད་པ་ཐག་བཅད་ནས་ཞུ་ཐུབ་ཀྱི་ཡོད། ཆ་ཚང་བཤད་དེ་རྗེས་མ་གནོད་སོང་ཞེས་བཀུར་འོས་སྤྱི་འཐུས་ཀྱིས་འགན་ཁུར་གྱི་ཡོད་ན་འགན་ཁུར་དང་། ངས་ཞུས་ཆོག་ཅེས་སོགས་གསུངས་པ་དང་འབྲེལ། སྲིད་སྐྱོང་གིས་ཧ་མི་གོ་སར་རྒྱ་ནག་གཞུང་ལ་སུས་འབྲེལ་བ་བྱས་ན། བཀའ་ཤག་གི་ལམ་སྟོན་དང་འགལ་བ་རེད་ཅེས་བཀའ་ལན་གནང་སོང་།
གཞན་ཡང་སྲིད་སྐྱོང་མཆོག་གིས་འོས་བསྡུ་ལངས་དགོས་དོན་དང་སྲིད་སྐྱོང་ཆགས་དགོས་དོན་ནི། གཙོ་བོ་དེ་བོད་ནང་གི་བོད་མིའི་མངོན་འདོད་སྒྲུབ་རྒྱུ་དང་། ༧གོང་ས་མཆོག་ལ་ཞབས་ཕྱི་ཞུ་ཆེད་འདིར་བསླེབས་ཡོད་པས། ༧གོང་ས་མཆོག་ནས་འགན་ག་རེ་གནང་བཞག་པ་དེ་ཁུར་ནས་འགྲོ་བསྡད་ཡོད་ཅེས་གསལ་བཤད་གནང་གི་འདུག
གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་བསྡོམས་དུ། སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། གྲོས་ཚོགས་སུ་བོད་ཡིག་བོད་སྐད་གལ་ཆེན་དང་མི་རིགས་ཀྱི་སྲོག་རྩ་ཡིན་པར་གསུང་གི་ཡོད་ནའང་། ད་རེས་གྲོས་ཚོགས་སུ་དེ་སྔ་དང་མི་འདྲ་བར་སྐད་ཡིག་བསྲེ་སླད་བརྒྱབས་མཁན་མང་པོ་བྱུང་སོང་བས། མ་འོངས་པར་དེ་ཚོའི་ཐོག་ཐུགས་གཟབ་གནང་དགོས་པ་དང་། བོད་ཡིག་བོད་སྐད་ཉམས་བཞིན་པ་ཛ་དྲག་ཏུ་བརྩིས་ཏེ་གོམ་པ་བརྒྱབ་དགོས་འདུག་མ་གཏོགས་ཉེན་ཁ་འདུག་ཅེས་གསལ་འདེབས་གནང་གི་འདུག
ཡང་ཚོགས་གཙོ་མཆོག་གིས་ས་ཁང་གི་སྒྲིག་གཞི་ཁག་ལ་བསྐྱར་ཞིབ་ཀྱིས་དམིགས་བསལ་ཚོགས་ཆུང་བཙུགས་ཏེ་ཞིབ་འཇུག་དང་། ཉམ་ཐག་ཚོ་སོ་སོའི་ནུས་པ་ལ་གཞིགས་པའི་ག་རེ་གནང་དགོས་ཐོག་ཐུགས་ཞིབ་གནང་དགོས་པ། སྤྱི་འཐུས་ཚོའི་དགོངས་འཆར་ལ་བཀའ་ཤག་གིས་ཐུགས་སྣང་གནང་དགོས་པ། སིད་ཏྲི་ནི་ཁུལ་ལ་རྙོག་དྲ་ཡོད་པ་དུས་ཐུང་ནང་མེད་པར་བཟོ་ཐབས་སུ་དགོངས་བཞེས་དང་། བཀའ་ཤག་དང་སྤྱི་འཐུས་སུ་ཡིན་ན་མ་འོངས་པར། དགའ་ལྡན་ཕོ་བྲང་གི་ཕྱག་ལས་གནང་ཕྱོགས་འགྲིག་དང་མ་འགྲིག་ཐོག་གླེང་སློང་མ་གནང་ན་ཡག་པོ་འདུག་ཅེས་ལམ་སྟོན་གནང་བ་དང་སྦྲགས་གྲོས་ཚོགས་ཡོངས་སུ་མཇུག་སྒྲིལ་གནང་སོང་།
གྲོས་ཚོགས་ཚོགས་དུས་བརྒྱད་པ་སྤྱི་ཟླ་༩་པའི་ཚེས་༢༠་ནས་༣༠་བར་གནང་བའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་། ནང་སྲིད་ལས་ཁུངས། དཔལ་འབྱོར་ལས་ཁུངས་དང་ཤེས་རིག་ལས་ཁུངས། བདེ་སྲུང་ལས་ཁུངས་དང་ཕྱི་དྲིལ་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་བཅས་ལྷན་ཁང་ཁག་བདུན་གྱི་ལས་བསྡོམས་སྙན་སྒྲོན་དང་བགྲོ་གླེང་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎