བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྩ་དགོངས་ཞུ་མཁན་༡༤་བྱུང་འདུག
2017.02.03

ཉེ་བའི་ཟླ་བ་བཅུའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྩ་དགོངས་ཞུ་མཁན་མི་གྲངས་༡༤་བྱུང་ཡོད་འདུག
དེ་ཡང་ཕྱི་ཟླ་༡་པོའི་ཚེས་༣༠་ནས་ཕྱི་ཟླ་༢་པའི་ཚེས་༢༤་བར། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ངོས་ནས། བཞུགས་སྒར་ཉེ་འཁྲིས་ཀྱི་དབུས་སྣེ་ལེན་ཁང་དུ། འདི་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གསར་བ་༡༣་དང་། ད་ལྟ་སྲི་ཞུ་སྒྲུབ་བཞིན་པའི་ལས་བྱེད་༡༩་བཅས་ཁྱོན་ལས་བྱེད་ ༣༢ ཙམ་ལ་ལས་དོན་བྱེད་ཕྱོགས་སྐོར་ཟབ་སྦྱོང་ཞིག་སྤྲོད་བཞིན་ཡོད་ཅིང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཚབ་འཇིགས་མེད་ཚེ་རིང་ལགས་སུ་བོད་ཀྱི་དུས་བབ་གསར་འགྱུར་ཁང་གིས་བཅར་འདྲིའི་སྐབས་གསུང་ན། ལས་བྱེད་གསར་པ་༡༣་དེའི་ཁྲོད། ཆོད་གན་ལས་བྱེད་གཅིག་ཕུད་གཞན་ཚང་མ་མཐོ་སློབ་མཐར་ཕྱིན་པའི་སློབ་མ་རྐྱང་རྐྱང་ཡིན་སྐོར་བརྗོད་འདུག
གཞན་ཡང་ཁོང་གིས་གོང་ཞུས་གསར་འགྱུར་ཁང་གི་བཅར་འདྲིར་བཀའ་ལན་གནང་བའི་ནང་། ༢༠༡༦་ལོའི་ཕྱི་ཟླ་༤་པ་ནས་༢༠༡༧་ལོའི་ཕྱི་ཟླ་༢་པ་བར་སྲི་ཞུའི་ལས་བྱེད་རྩ་དགོངས་ཞུ་མཁན་༡༤་དང་། ལས་བྱེད་རྒས་ཡོལ་དང་། རྒས་ཡོལ་སྔ་བསྣུར་ཞུ་མཁན་༡༠་བྱུང་ཡོད་པ་གསུང་འདུག
བོད་མིའི་སྒྲིག་འཛུགས་དབུས་ས་གཉིས་སུ་ལས་བྱེད་འདེམས་བསྐོ་ལྷན་ཁང་བརྒྱུད་བསྐོ་བཞག་བྱས་པ་༥༢༦་ཙམ་དང་། དེའི་ཁྲོད་ནས་གངས་ཅན་སྐྱིད་གཤོང་རང་དུ་རྩིས་ཞིབ་ལས་བྱེད་ཆ་ཚང་ཚུད་པའི་ལས་བྱེད་༣༧༢་ཡོད་འདུག གཞན་ཆོད་གན་ལས་བྱེད་༣༢་ཡོད་པ་དེ་དག་འབྲེལ་ཡོད་ལས་ཁུངས་ཁག་ནས་གསལ་བསྒྲགས་གནང་སྟེ་ཡིག་རྒྱུགས་བཏང་རྗེས་བཀའ་དྲུང་ཡིག་ཚང་བརྒྱུད་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་མཐའ་མའི་བསྐོ་བཞག་གི་བཀའ་ཁྲོལ་གནང་གི་ཡོད་པ་མ་གཏོགས། གཞན་ཐད་བསྐོ་ལས་བྱེད་དང་རང་ཁོངས་ལས་བྱེད། དེ་བཞིན་དྭང་བླངས་ལས་བྱེད་སོགས་ལས་བྱེད་འདེམས་བསྐོ་ལྷན་ཁང་བརྒྱུད་ནས་བསྐོ་བཞག་གནང་གི་མེད་སྐོར་འགྲེལ་བརྗོད་གནང་འདུག།
གསར་འགོད་པ་བསོད་ནམས་ལྷ་མོ།