སྐྱབས་རྗེ་དགོན་པའི་དགེ་འདུན་པ་༡༣་འཛིན་བཟུང་བྱས་འདུག
2009.12.28
༄༅༎བོད་ཀྱི་ཁམས་འཇོ་མདའ་ཁུལ་གྱི་སྐྱབས་རྗེ་དགོན་པའི་དགེ་འདུན་པ་བཅོ་གསུམ་རྒྱ་ནག་གི་དཔོན་རིགས་ཤིག་གི་སྣུམ་འཁོར་ལ་སྐྱོན་བཏང་བའི་དོགས་གཞིར་ཐོག་འཛིན་བཟུང་བྱས་ནས་རྫོང་ཐོག་ཏུ་བཙན་འཁྲིད་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག་། འདི་ག་རླུང་འཕྲིན་ཁང་ལ་བཞུགས་སྒར་རྡ་རམ་ལར་བཞུགས་པའི་ཡར་འཕེལ་ལགས་ཀྱིས་ངོ་སྤྲོད་གནང་དོན་ལྟར་ན་ བོད་ཀྱི་ཆབ་མདོ་ས་ཁུལ་གྱི་འཇོ་མདའ་རྫོང་གི་ཁོངས་རྟོག་ཡིན་པའི་སྐྱབས་རྗེ་དགོན་པའི་ནང་ཉེ་སྔོན་ཆབ་མདོ་ནས་ཉེན་རྟོག་དམག་མིའི་དཔོན་རིགས་ཤིག་དང་གཞན་དམག་མི་རུ་ཁག་ཅིག་སྣུམ་འཁོར་གསུམ་ནང་འདི་ཟླའི་ཚེས་ཉི་ཤུ་ལྔ་ཙམ་ལ་སྐྱབས་རྗེ་དགོན་པའི་ནང་དུ་འབྱོར་ཡོད་པ་རེད་འདུག་། ཁོང་ཚོ་དགོན་པའི་ཉེ་འཁོར་ནང་ཞག་གཅིག་བསྡད་པའི་རིང་ཉེན་རྟོག་རུ་ཁག་གི་དཔོན་རིགས་ཀྱིས་ཁྲིད་ཡོད་པའི་མོ་ཊར་གུང་ཆེན་དེ་ལ་སྐྱོན་བཏང་ཡོད་པའི་དོགས་གཞིའི་ཐོག་ཉེན་རྟོག་དམག་མིས་སྐྱབས་རྗེ་དགོན་པའི་དགེ་འདུན་བཅོ་གསུམ་འཛིན་བཟུང་བྱས་འདུག་། དེ་ཡང་བཞུགས་སྒར་དུ་ཡོད་པའི་ཡ་འཕེལ་ལགས་ཀྱིས་ངོ་སྤྲོད་གནང་དོན་ལ་ བོད་ཀྱི་སྡེ་དགེ་འཇོ་མདའ་ཁུལ་དུ་བོད་རིགས་རྣམས་ཀྱིས་རྒྱ་ནག་གི་དབང་འཛིན་ངོ་རྒོལ་བྱས་ཡོད་པ་དང་ལྷག་དོན་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ནང་དགེ་འདུན་པ་མང་པོས་མོས་མཐུན་མ་ཞུས་ནས་ཉེན་ཡོལ་དུ་འགྲོ་ནས་དགོན་པ་སྟོང་པར་གྱུར་བ་དང་ས་ཁུལ་དུ་བོད་རིགས་ངོ་རྒོལ་རྣམས་འཛིན་བཟུང་བྱས་ནས་སྐྱབས་རྗེ་དགོན་པའི་ནང་དུ་བཀག་ཉར་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་བཅས་ཀྱི་གནས་ཚུལ་ངོ་སྤྲོད་གནང་འདུག་༎