རྒྱ་ནག་གི་དབུགས་ལྒང་ངམ་ལྒང་ཕུག་ཅིག་ཨ་རིའི་མོན་ཊེ་ནཱ་མཁའ་དབྱིངས་ནས་རྙེད་སོན་བྱུང་བ།
ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བའི་གནད་དོན་ཐོག་དབྱེ་ཞིབ་གནང་མཁན་རྣམས་ཀྱིས་ཁ་སྔོན་རྒྱ་ནག་གི་གསང་མྱུལ་གྱི་སྒང་ཕུག་ཞིག་ལ་ཨ་རིའི་མཁའ་དམག་གནམ་གྲུས་གཏོར་བའི་གནས་ཚུལ་དང་ཡང་དེ་རྗེས་ངོས་བཟུང་མ་ཐུབ་པའི་མཁའ་དབྱིངས་ནང་འཕུར་བསྐྱོད་བྱེད་པའི་དངོས་པོ་ཁག་གསུམ་ཙམ་གཏོར་སྐྱོན་བཏང་བའི་གནས་ཚུལ་བྱུང་རྗེས་ད་ཆ་ཨ་མི་རི་ཀ་དང་རྒྱ་ནག་དབར་བཀའ་མོལ་གནང་ཐུབ་མིན་སྐོར་དྲི་བ་ཆེན་པོ་ཞིག་ཆགས་ཡོད་པ་རེད། འགའ་ཞིག་གིས་ཟེར་ན་ཨ་མི་རི་ཀ་དང་རྒྱ་ནག་གི་རྒྱལ་ཁབ་གཉིས་ཀའི་ནང་སྲིད་ཐོག་གི་གནོན་ཤུགས་ཀྱི་རྐྱེན་གྱིས་གནས་སྐབས་རིང་འབྲེལ་ལམ་སྐྱར་གསོ་ཡོང་རྒྱུ་ཁག་བ་ཡིན་པའི་སྐོར་དགོངས་ཚུལ་གསུང་མཁན་ཡོད་པ་དང་། ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་Antony Blinken མཆོག་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་པའི་རེ་བ་ཆུང་ངུ་ལས་མེད་ནའང་རྒྱལ་ཁབ་གཉིས་ཀྱི་དམངས་གཞིའི་འབྲེལ་ལམ་དེ་འཛུགས་ཆེད་ཁོང་རྒྱ་ནག་ཏུ་ཕེབས་དགོས་པའི་གནས་སྟངས་ཞིག་གྱུར་ཡོད་ལུགས་བཤད། དེ་ལྟར་ཡང་རིང་མིན་ཕྱི་ཚེས་ ༡༧ ནས་ཕྱི་ཚེས་ ༡༩ བར་ཇར་མ་ནིའི་Munichགྲོང་འཁྱེར་ནང་སྲུང་སྐྱོབ་དང་འབྲེལ་བའི་རྒྱལ་སྤྱིའི་ལྷན་ཚོགས་དེར་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་དང་རྒྱ་ནག་གི་ཕྱི་སྲིད་དཔོན་རིགས་མཐོ་ཤོས་ཝང་ཡི་རྣམ་གཉིས་ཕེབས་རྒྱུ་གཏན་འཁེལ་ཟིན་ཡང་སྐབས་དེར་ཁོང་རྣམ་གཉིས་ཟུར་མཇལ་གནང་མིན་གྱི་གནས་ཚུལ་ཐད་ད་ལྟའི་འཆར་ཁ་གསལ་མེད་པ་རེད་འདུག
ཐེངས་འདིའི་ཁ་བའི་གྲོས་རྭའི་ལེ་ཚན་ནང་། ད་ལན་དབུགས་ལྒང་གི་གནད་དོན་ལ་བརྟེན་ནས་ཨ་རི་དང་རྒྱ་གཞུང་དབར་འགལ་ཟླ་ཆེ་རུ་འགྲོ་རྐྱེན་ཞིག་ཡིན་མིན་སྐོར་ཝི་ཇི་ནེའི་གཙུག་ལག་སློབ་གྲྭའི་ནང་ཕྱག་ལས་གནང་བཞིན་པ་རྒྱ་བོད་ཐོག་སྐབས་དོན་དབྱེ་ཞིབ་པ་བསྟན་འཛིན་ཐོས་བསམ་ལགས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་དབར་བགྲོ་གླེང་བྱེད་པ་གསན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།