ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱིས་རྒྱ་གཞུང་ནས་གསར་འགོད་པར་ཁྲིམས་ཐག་བཅད་པར་སྐྱོན་བརྗོད།

2020.12.29
ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱིས་རྒྱ་གཞུང་ནས་གསར་འགོད་པར་ཁྲིམས་ཐག་བཅད་པར་སྐྱོན་བརྗོད། Zhang Zhan གློད་བཀྲོལ་དགོས་པའི་ལས་འགུལ།
ཨེ་ཨེཕ་པི།

རྒྱ་ནག་གཞུང་གིས་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་དུ་ཀོ་ཝིཌི་༡༩འི་ནད་ཡམས་ཐོག་མ་ཁྱབ་གདལ་འགྲོ་བཞིན་པ་དང་དེའི་ཉེན་ཚབས་སྐོར་སྤྱི་ཚོགས་ཐོག་གནས་ཚུལ་སྤེལ་མཁན་གསར་འགོད་པ་ཞིག་ལ་རྒྱ་ནག་གཞུང་གིས་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེ་ལ་ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་གིས་ད་རེས་གཟའ་མིག་དམར་ཉིན་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག  གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནང་ཏོག་དབྱིབས་༡༩འི་ནད་ཡམས་ཐོག་མ་ཁྱབ་གདལ་སྐབས་ཀྱི་གནས་ཚུལ་བཀོད་སྤེལ་བྱེད་མི་ Zhang Zhan ཟེར་བའི་གསར་འགོད་པ་དེས་འཁྲུགས་རྐྱེན་སླང་བ་དང་རྩོད་གླེང་བསྡུ་སྒྲུག་བྱས་པའི་ཉེས་མིང་འོག་ལོ་བཞི་ཡི་རིང་དུ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱིས་གསར་འགོད་པ་Zhang འཕྲལ་དུ་གློད་བཀྲོལ་བཏང་དགོས་པ་མ་ཟད།   དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་Yu Wensheng དང་གཞན་འཇུ་བཟུང་བཀག་ཉར་དང་། ནག་ཉེས་བཀེལ་བའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་མི་སྒེར་གྱིས་སྤྱི་ཚོགས་ཀྱི་བདེ་དོན་གྱི་ཆེད་དུ་གནས་ཚུལ་སྤེལ་མི་རྣམས་གློད་བཀྲོལ་གྱིས་རང་དབང་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག   ད་རེས་ཡོ་རོབ་ཀྱི་རྒྱལ་ཁབ་༢༧ལས་གྲུབ་པའི་ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱི་མགྲིན་ཚབ་པས་སྤྱི་བསྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་། ཁུངས་བདེན་གྱི་གནས་ཚུལ་ཤེས་རྟོགས་བྱུང་བ་ལ་གཞིགས་ན།   གསར་འགོད་པ་ Zhang  བཀག་ཉར་གྱི་སྐབས་སུ་མནར་གཅོད་བཏང་བ་དང་། མི་སྤྱོད་ལས་འདས་པའི་དཀའ་སྡུག་མྱོང་དགོས་བྱུང་ཡོད་པ་མ་ཟད།   ཁོ་མོས་གཟུགས་པོའི་འཕྲོད་རྟེན་གྱི་གནས་སྟངས་ཀྱང་ཚབས་ཇེ་ཆེ་དང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང།   རྒྱ་ནག་གཞུང་གིས་གསར་འགྱུར་བཀོད་སྤེལ་བྱེད་མི་དང་སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་ཀྱིས་ཐོག་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་སོགས་ལ་སེམས་ཚབས་བྱེད་བཞིན་ཡོད་པའི་འགྲེལ་བརྗོད་གནང་འདུག  ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱིས་རྒྱ་ནག་ལ་སྐྱོན་བརྗོད་དེ་ནི་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གི་དཔོན་རིགས་དབར་ཡོ་རོབ་ཀྱི་ཚོང་ལས་ཁང་ཁག་ལ་རྒྱ་ནག་གི་ཁྲོམ་རྭའི་ནང་ཚོང་ལས་ཐོག་འཛུལ་ཞུགས་བྱེད་བདེ་རུ་གཏོང་བའི་གྲོས་མཐུན་ཞིག་འཇོག་ཐུབ་པའི་ཚོད་དཔག་བྱེད་བཞིན་པའི་ཉིན་གཅིག་གི་གོང་དུ་ཡིན་པ་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎