གཡུང་དྲུང་གིས་རང་ལུས་མེར་སྲེག་བཏང་འདུག
2012.09.30
༄༅༎ཕྱི་ཟླ་དགུ་པའི་ཚེས་༢༩ རེས་གཟའ་སྤེན་པའི་ཉིན་ཕ་ཡུལ་ཆབ་མདོ་རྫོང༌། ཀརྨ་གཡུ་ཚོ་ནས་ཡིན་པའི་དགུང་ལོ་༢༧ ཡིན་པ་གཡུང་དྲུང་གིས། སྐྱེ་རྒུ་མདོའི་རྫ་སྟོད་དུ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་ནོར་འཁྲུལ་གྱི་སྲིད་ཇུས་ངོ་རྒོལ་གནང་སྟེ། རང་ལུས་མེ་སྲེག་བཏང་ཡོད་པ་རེད།
འདི་ག་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་ཡོང་ཁུངས་ཁག་གཉིས་ནས་འབྱོར་བར་གཞིགས་ན། ཉེ་ཆར་ས་ཁུལ་དེའི་ནང་དུ་རྒྱ་ནག་གཞུང་གིས། བོད་ལ་བདེ་སྐྱིད་ཡོད་པའི་སྐོར་གྱི་འཁྲབ་སྟོན་ཆེན་པོ་ཞིག་བྱས་ཏེ་གློག་བརྙན་པར་ལེན་བྱ་དགོས་པའི་བཙན་བཀའ་བཏང་བའི་སྐབས། བོད་མི་ཚོས་འཁྲབ་སྟོན་བྱ་རྒྱུའི་འདོད་པ་མེད་པ་བཤད་ཡོད་པའི་གནས་ཚུལ་བྱུང་བའི་རྗེས། ཕྱི་ཟླ་བ་ ༩ཚེས་༢༩ ཉིན་གྱི་ས་གནས་ཀྱི་ཕྱི་དྲོའི་ཚོུད་༧ པ་ཙམ་ལ་གཡུང་དྲུང་གིས་ལུས་ལ་བོད་ཆས་གྱོན་ཏེ་རང་ལུས་མེ་སྲེག་བཏང་བ་དང༌། ལུས་ལ་མེ་འབར་བཞིན་དུ་བོད་རང་བཙན་དགོས། རྒྱལ་བ་རིན་པོ་ཆེ་དང་ཀརྨ་པ་བོད་དུ་གདན་ཞུ་བྱ་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཆེ་ཁྲི་ལོར་བརྟན་པ་ཤོག། བློ་བཟང་སེངྒེ་བོད་ཀྱི་རྒྱལ་པོ་ཡིན། བོད་ནང་གཏེར་ཁ་སྔོག་འདོན་མཚམས་འཇོག་བྱ་དགོས་ཞེས་འབོད་ཚིག་སྒྲོག་བཞིན། རྫ་སྟོད་གྲོང་ཁུལ་དུ་བོད་པའི་ཚོང་ཁང་འགའ་ཤས་ཤིག་ཡོད་པ་དེ་བརྒྱུད་ནས་བསྐྱོད་ཡོད་པ་རེད། དེ་རྗེས་ས་གནས་ཉེན་རྟོག་པ་སླེབས་ཏེ་བཙན་ཁྲིད་བྱས་འདུག།