རྒྱ་ནག་གིས་བཙོན་དུ་ཡོད་པའི་ཡར་འཕེལ་གྱི་ཤག་སྔོག་བཤེར་བྱས་འདུག
2015.08.10
རྒྱ་ནག་གི་ཉེན་རྟོག་པས་དེང་སྐབས་བཙོན་འཇུག་བྱས་ཡོད་པའི་ཡར་འཕེལ་གྱི་གྲྭ་ཤག་སྔོག་བཤེར་བྱས་ནས་༧གོང་ས་མཆོག་གི་སྐུ་པར་དང་དཔེ་ཆ་འཁྱེར་བ།
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། དཀར་མཛེས་ཁུལ་སེར་ཤུལ་རྫོང་རྫ་ཆུ་ཁའི་མང་དགེ་དགོན་པའི་དགེ་འདུན་པ་བསོད་ནམས་ཡར་འཕེལ་ལགས་ཀྱིས། སྤྱི་ལོ་༢༠༡༤་ལོའི་ཟླ་༡༡་ཚེས་༢༦་ཉིན་ཕྱག་ཏུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་བཟུང་ཏེ་བོད་ལ་རང་དབང་དགོས་པ་དང་། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུས་དགོས་ཞེས་ཁྲོམ་གཞུང་དུ་སྐད་འབོད་གནང་རྗེས་དེ་མ་ཐག་ཏུ་ས་གནས་ཉེན་རྟོག་མི་སྣ་འབྱོར་ནས་ཁོང་འཛིན་བཟུང་ཀྱིས་ད་བར་དུ་ཟླ་བ་བརྒྱད་ལྷག་བཙོན་འཇུག་བྱས་ཡོད་པ་དང་། ཁོང་བཙོན་ཁང་ནང་དུ་ཡོད་བཞིན་པའི་སྐབས་སུའམ་འདི་ཟླའི་ཚེས་༧་ཉིན་ས་གནས་ཉེན་རྟོག་དམག་མི་འགའ་ཤས་ཞིག་ཁོང་བཞུགས་ཡུལ་གྱི་གྲ་ཤག་དུ་སླེབས་ནས་བསྔོག་བཤེར་བྱེད་པའི་སྐབས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་དང་། དཔེ་དེབ་སོགས་ཡོད་པ་འཁྱེར་ཡོད་འདུག
སྐུ་ཞབས་བསོད་ནམས་ཡར་འཕེལ་ལགས་བཀག་ཉར་བྱས་པའི་དུས་ཡུན་དེའི་རིང་ལ་ཁོང་གི་ནང་མི་ཉེ་འབྲེལ་ཚོ་ཐུག་འཕྲད་བྱེད་བཅུག་མེད་པ་དང་། ད་བར་དུ་སེར་ཤུལ་རྫོང་ཐོག་གི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་རེད། ཁོང་གི་ནང་མིས་སེར་ཤུལ་རྫོང་ཐོག་ཏུ་རྒྱ་གཞུང་འབྲེལ་ཡོད་ལས་ཁང་ཁག་དུ་བཅར་ནས། སྐུ་ཞབས་བསོད་ནམས་ཡར་འཕེལ་ལགས་གློད་བཀྲོལ་དགོས་པའི་འབོད་སྐུལ་ཐེངས་མང་ཞུས་ཡོད་ཀྱང་འབྲེལ་ཡོད་ལས་བྱེད་པས་སྐུ་ཞབས་བསོད་ནམས་ཡར་འཕེལ་ལགས་ཀྱིས་ནག་ཉེས་དང་། དེ་བཞིན་ད་དུང་དུས་ཡུན་ག་ཚོད་ཙམ་བཙོན་འཇུག་བྱེད་ཀྱི་ཡོད་མེད་ཀྱི་གནས་ཚུལ་སོགས་སོགས་གསལ་བཤད་གང་ཡང་བྱས་མེད་པ་མ་ཟད། ཁོང་ཐུག་འཕྲད་ཀྱང་བྱེད་མི་ཆོག་པ་བརྗོད་ཡོད་པ་རེད། ཡིན་ནའང་ཁོང་གི་ནང་མི་ཚོས་ཁོང་བཙོན་འཇུག་བྱེད་སའི་བཙོན་ཁང་གི་སྒོ་འགྲམ་ནས་ཁོང་བཙོན་ཁང་ནང་དུ་ལས་ཀ་བྱེད་བཞིན་པ་དེ་མཐོང་ཡོད་པ་བཅས་ཀྱི་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།