འཛམ་གླིང་ས་ཕྱོགས་མང་པོར་གནམ་བདེ་སྒོ་མོའི་དྲུག་བཞིའི་དམངས་གཙོའི་ལས་འགུལ་དྲན་གསོ།
2020.06.04
འཛམ་གླིང་གི་ས་ཕྱོགས་མང་པོ་ཞིག་གི་ནང་དེ་སྔ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དྲུག་བཞིའི་དམངས་གཙོའི་ལས་འགུལ་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་མི་ལོ་སོ་གཅིག་ཕྱིན་པའི་དུས་དྲན་སྲུང་བརྩི་ཞུས་འདུག
སྤྱི་ཟླ་ ༦ ་ཚེས་ ༤ ་ཉིན་ནི་དེ་སྔ་སྤྱི་ལོ་ ༡༩༨༩ ་ལོར་རྒྱ་ནག་གཞུང་གིས། པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་གཙོས་མི་དམངས་ཀྱིས་དམངས་གཙོའི་ལས་འགུལ་སྤེལ་སྐབས་དྲག་གནོན་བྱས་ནས་མི་ལོ་ ༣༡ ་འཁོར་བའི་དུས་དྲན་ཡིན་པ་ལྟར། ལས་འགུལ་འདིའི་ནང་འདས་གྲོངས་སུ་ཕྱིན་པའི་སློབ་ཕྲུག་ཁག་ཅིག་གི་ཨ་མས་གྲུབ་པའི་གནམ་བདེ་སྒོ་མོ་ཆེའི་ཨ་མ་ཅེས་འབོད་བཞིན་པའི་ཚོགས་པའི་ངོས་ནས། འདི་ཚེས་༤་ཉིན་ཆེད་དུ་སྐབས་དེར་འདས་གྲོངས་སུ་ཕྱིན་པའི་སློབ་ཕྲུག་རྣམས་ལ་དུར་མཆོད་བྱེད་དུ་ཝན་ཨན་དུར་ས་རུ་སོང་སྐབས་ཡང་རྒྱ་ནག་གི་ཉེན་རྟོག་མི་སྣས་ལྟ་རྟོག་ནན་མོ་བྱས་འདུག
སྐབས་དེར་སློབ་ཕྲུག་འདས་པོ་ཞིག་གི་ཨ་མ་(Huang Jinping)་ཞུ་བས་མྱ་ངན་ཞུ་ཚིག་ཕུལ་བའི་ནང་དུ། ང་ཚོས་ད་ལྟའི་བར་དུ་རྒྱ་ནག་གཞུང་ལ་སློབ་མའི་ལས་འགུལ་གྱི་གནས་ཚུལ་ཕྱི་གསལ་ནང་གསལ་བཟོ་རྒྱུ་དང་། ང་ཚོར་གུན་གསབ་སྤྲོད་རྒྱུ། དེ་བཞིན་ལས་འགུལ་ལ་དྲག་གནོན་བྱས་པར་སུ་ཞིག་གིས་འགན་འཁུར་དགོས་མིན་རྩད་གཅོད་བྱེད་དགོས་པ་བཅས་ཀྱི་རེ་འདུན་གསུམ་འདོན་གྱི་ཡོད་ཅེས་བཤད་འདུག
རྒྱ་ནག་གཞུང་གིས་དྲུག་བཞིའི་དུས་དྲན་སྲུང་བརྩི་དང་། འདིའི་སྐོར་ནས་གླེང་སློང་བྱེད་རྒྱུར་བཀག་རྒྱ་ནན་མོ་བྱེད་ཀྱི་ཡོད་ནའང་། ཨ་རི་དང་། ཡོ་རོབ་མཉམ་འབྲེལ། ཐེ་ཝན་དང་ཧོང་ཀོང་བཅས་གཙོས་ཡུལ་ལུང་ཁག་དང་ས་གནས་ས་གནས་ཁག་གི་ནང་དུས་དྲན་འདི་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་བྱས་འདུག
ཉེ་ཆར་སྤྱི་ཚེས་༢་ཉིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་ལགས་ཆེད་དུ་དྲུག་བཞིའི་ལས་འགུལ་བ་གྲགས་ཅན་(Wangdan)་སོགས་སྐབས་དེའི་གནད་ཡོད་མི་སྣ་བཞི་ལ་མཇལ་འཕྲད་གནང་ནས་དུས་དྲན་འདི་སྲུང་བརྩི་ཞུས་ཡོད་པ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་(Morgan Ortagus)་མོར་གྷན་ཨོར་ཁྲེ་གྷེ་སི་ཡིས་ཀྱང་སྤྱི་ཚེས་༣་ཉིན་གསལ་བསྒྲགས་སྤེལ་ཏེ། རྒྱ་གཞུང་གིས་སྐབས་དེའི་དྲུག་བཞིའི་འགུལ་ནང་དམར་གསོད་བཏང་བ་དང་། གར་སོང་ཆ་མེད་དུ་སོང་བ་དག་གི་གནས་སྟངས་གསལ་ཁ་དོད་དགོས་པའི་འབོད་སྐུལ་ཞུས་པ་དང་ལྷན་ཏུ། ཨ་རི་ནམ་ཡང་རྒྱ་ནག་གི་དམངས་གཙོའི་ལས་འགུལ་བ་ཚོ་དང་མཉམ་ཏུ་ཡོད་ཅེས་དང་། འདིའི་ཐད་ལས་འགུལ་སྤེལ་བཞིན་པ་དག་ལ་བསྔགས་བརྗོད་ཀྱང་བྱས་འདུག
གཞན་ཡང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་སྤྱི་ཚེས་༣་ཉིན་སྤྱི་བསྒྲགས་སྤེལ་ནས། ད་ལྟའི་སྐབས་འདིར་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ལས་དོན་གལ་ཆེན་ཡིན་ནའང་། ཧོང་ཀོང་དང་ཨོ་མིན་གྱི་མི་རྣམས་ལ་རང་དབང་ལྡན་པའི་ངང་ནས་དྲུག་བཞིའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་ཐོབ་ཐང་ཡོད་པ་འགྲེལ་བཤད་གནང་ནས་དུས་དྲན་སྲུང་བརྩི་ཞུ་རྒྱུར་རྒྱབ་སྐྱོར་བྱས་འདུག
དེ་མིན་ཐེ་ཝན་ལ་མཚོན་ནའང་། མི་མང་པོ་མཉམ་འཛོམས་ཀྱི་ཐོག་ནས་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་སློབ་མའི་དམངས་གཙོའི་ལས་འགུལ་འདིར་རྗེས་དྲན་བྱས་འདུག་ཅིང་། སྲིད་འཛིན་ཚེ་དབྱིན་ཝུན་ནས་ཀྱང་མོ་རང་སྒེར་གྱི་ངོ་དེབ་ཀྱི་སྟེང་དྲུག་པའི་ཚེས་བཞི་མངོན་པར་གསལ་བའི་ལོ་ཐོ་ཞིག་སྤེལ་ཏེ། རྒྱ་ནག་གཞུང་ལ་མཚོན་ན་དེ་རིང་གི་དྲུག་པའི་ཚེས་བཞིའི་ཉིན་མོ་འདི་གཏིང་བརྗེད་དུ་གྱུར་བས་ཁོ་ཚོར་ལོ་གཅིག་ལ་ཉིན་གྲངས་སུམ་བརྒྱ་དང་དྲུག་བཅུ་རེ་བཞི་ལས་མེད་ཅེས་ཟུར་ཟ་བྱས་འདུག་ཅིང་། ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ (Ou Jing’an)་ཡིས་ཀྱང་གསར་འགོད་ལྷན་ཚོགས་ཐོག ང་ཚོས་མཉམ་དུ་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ། དྲུག་བཞིའི་དམངས་གཙོའི་ལས་འགུལ་སྐབས་ཀྱི་འདྲ་པར་འདི་དག་རྒྱ་ནག་གི་ལོ་རྒྱུས་སློབ་དེབ་ནང་མཐོང་རྒྱུ་མེད་པར་གྱུར་ཟིན་མོད། འོན་ཀྱང་ང་ཚོས་འདི་དག་བརྗེད་མི་ཉན། ང་ཚོས་དམངས་གཙོ་བརྗེད་མི་ཉན་ལ། རང་དབང་བརྗེད་མི་ཉན། ཧོང་ཀོང་བརྗེད་མི་ཉན་ཅེས་དང་། སྲིད་འཛིན་མཆོག་གིས་གསུང་བ་བཞིན་ང་ཚོས་ཐེ་ཝན་གྱི་རང་དབང་བརྒྱུད་ནས་ཧོང་ཀོང་གི་རང་དབང་ལ་སྲུང་སྐྱོབ་བྱེད་ཞེས་ནན་བརྗོད་གནང་འདུག
གཞན་ཧོང་ཀོང་དུའང་རྒྱ་ནག་གཞུང་གིས་ད་ལྟའི་ཆར་འདུ་འཛོམས་བྱེད་མི་ཆོག་པའི་བཀའ་རྒྱ་བསྒྲགས་མིན་ལ་མ་བལྟོས་པར་མི་རྣམས་ཧོང་ཀོང་གི་བས་ཁི་ཁྲོ་རས་ཡ་གླིང་ཀ་སོགས་སུ་འཛོམས་ནས། མར་མེ་སྒྲོན་ཏེ་དྲུག་བཞིའི་ལས་འགུལ་འདིར་རྗེས་དྲན་རྒྱ་ཆེན་ཞུས་འདུག
རྒྱ་གར་རྡ་རམ་སཱ་ལར་ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པས་སྣེ་ཁྲིད་ནས་འདི་ཚེས་༤་ཉིན། དེ་སྔ་རྒྱ་ནག་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དྲུག་བཞིའི་དམངས་གཙོའི་ལས་འགུལ་སྐབས་རྒྱ་ནག་གཞུང་གིས་དྲག་གནོན་བྱས་བའི་ཉིན་མོར་དམངས་གཙོའི་ལས་འགུལ་བ་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་འདུག
དྲུག་བཞིའི་ལས་འགུལ་ནི་སྤྱི་ལོ་༡༩༨༩་ལོར་རྒྱ་ནག་གི་འགོ་ཁྲིད་ཧོའུ་ཡོ་པང་གློ་བུར་སྐུ་གྲོངས་བར་རྐྱེན་བྱས་ནས་སློབ་ཕྲུག་གཙོ་བོར་གྱུར་བའི་ལས་འགུལ་བ་རྣམས་ཀྱིས།་རྒྱ་ནག་དེ་མ་འོངས་བར་རང་དབང་དམངས་གཙོ་ཅན་གྱི་ལམ་ཏུ་འགྲོ་ཕྱོགས་ཀྱི་དགོས་འདུན་བཏོན་པར། སྐབས་དེའི་རྒྱ་ནག་དམར་ཤོག་འཛིན་སྐྱོང་གཞུང་གིས་སློབ་ཕྲུག་རྣམས་ཀྱི་སྟེང་དུ་ལྕགས་ཁྲབ་འཁོར་ལོ་སྐོར་ནས་དྲག་གནོན་བྱས་བ་དང་། ལས་འགུལ་བ་མང་པོ་དམར་གསོད་བཏང་བ་དང་འཛིན་བཟུང་བྱས་ཡོད་པ་རེད།