རྒྱ་ནག་གི་སྲིད་བློན་ལེ་ཁཱེ་ཆང་གི་གཟིགས་སྐོར་དང་བསྟུན་ངོ་རྒོལ་བྱས་འདུག
2018.10.16

བོད་མི་གཙོས་ལས་འགུལ་བ་མང་པོས་རྒྱ་ནག་གི་སྲིད་བློན་ལེ་ཁཱེ་ཆང་(Netherlands)ནང་འབྱོར་སྐབས་ངོ་རྒོལ་བྱས་འདུག
རྒྱ་ནག་གི་སྲིད་བློན་ལེ་ཁཱེ་ཆང་(Netherlands) ནང་འབྱོར་སྐབས་ཁུལ་དེར་གནས་སྡོད་གནང་མཁན་བོད་མི་ཚོས་ལག་ཏུ་བོད་ཀྱི་རྒྱལ་དར་འཁྱེར་ནས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དགོས་པ་དང་། ༧ཀུན་གཟིགས་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱིས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་ཀློད་དཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་བྱས་འདུག
དེ་བཞིན་བོད་མི་ཙམ་མིན་པར་ཡུ་གུར་བ་དང་། ཧྥ་ལུང་ཀོང་ཆོས་བྱེད་པ། གཞན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཐུན་མོང་གིས་རྒྱ་ནག་གི་སྲིད་བློན་ལེ་ཁཱེ་ཆང་ལ་ངོ་རྒོལ་ཤུགས་ཆེ་བྱས་འདུག
རྒྱ་ནག་གི་སྲིད་བློན་ལེ་ཁཱེ་ཆང་གིས་འགོ་ཁྲིད་པའི་རྒྱ་ནག་གི་ཆབ་སྲིད་དང་ཚོང་འབྲེལ་མི་སྣ་ཁག་ཅིག་ཕྱི་ཚེས་༡༤ཉིན་Netherlands ནང་འབྱོར་ནས་ཕྱི་ཚེས་༡༦བར་ཉིན་གསུམ་རིང་ཡུལ་དེའི་ནང་གཟིགས་སྐོར་གནང་ཡོད་པ་རེད།
ཕྱི་ཚེས་༡༥ཉིན་ལེ་ཁཱེ་ཆང་དང་(Netherlands)ཡུལ་གྱི་སྲིད་བློན་(Mark Ruttee)རྣམ་གཉིས་མཇལ་འཕྲད་གནང་ནས་ཆབ་སྲིད་དང་། ཚོང་དོན་སོགས་ཀྱི་སྐོར་གྲོས་མོལ་གནང་ཡོད་པ་དང་། ཡུལ་གྲུ་གཉིས་དབར་ཨ་སྒོར་ཐེར་འབུམ་བཅུའི་ཚོང་འབྲེལ་གནང་རྒྱུར་མོས་མཐུན་བྱུང་འདུག
རྒྱ་ནག་གི་སྲིད་བློན་ལེ་རྒྱ་ནག་གི་ངོས་ནས་རྒྱལ་སྤྱིའི་བཟོ་སྐྲུན་ཚོང་ལས་པ་རྣམས་རྒྱ་ནག་ནང་ཚོང་ལས་གཉེར་རྒྱུར་གོ་སྐབས་སྔར་ལས་ལྷག་པ་སྐྲུན་ཡོད་ཅེས་བཤད་ཡོད་སྟབས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་(Sophie Richardson) ལགས་ཀྱིས། རྒྱ་ནག་གིས་ཚོང་གི་གོ་སྐབས་བསྐྲུན་པ་བཞིན་བོད་དང་། ཤིན་ཅང་ནང་ཡོད་པའི་བཙོན་ཁང་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྣམས་ཕྱི་གསལ་ནང་གསལ་གྱི་གོ་སྐབས་བསྐྲུན་ཐུབ་ཀྱི་རེད་དམ་ཞེས་དྲི་བའི་ཚུལ་དུ་གསུངས་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།