ཡུ་གུར་བ་ལྔ་འབུམ་བདུན་ཁྲི་ཙམ་སྲིང་བལ་བཏོག་སའི་ངལ་རྩོལ་རྭ་བར་འདུག

རྒྱ་ནག་གཞུང་གིས་ཤར་ཏུར་ཀིསི་ཐན་ནང་བཙན་ཤེད་བཏང་སྟེ་སྲིང་བལ་ལག་པས་བཏོག་རྒྱུའི་ངལ་རྩོལ་སྐུལ་བའི་ནང་ཡུ་གུར་ཁ་ཆེའི་མི་རིགས་དམའ་མཐར་ཡང་ལྔ་འབུམ་བདུན་ཁྲི་ལྷག་ཡོད་འདུག
འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་ནང་རྟེན་གཞི་བྱས་བའི་(Center for Global Policy)འམ་གོ་ལའི་སྲིད་ཇུས་ཆེད་ཀྱི་ལྟེ་གནས་ཞེས་པའི་ཉམས་ཞིབ་ཁང་གིས་འདི་ཚེས་༡༤གཟའ་ཟླ་བའི་ཉིན་སྙན་ཐོ་ཞིག་སྤེལ་བའི་ནང་། ཕྱི་ལོ་༢༠༡༨ལོར་ཤར་ཏུར་ཀིསི་ཐན་ནང་གི་ཡུ་གུར་ཁ་ཆེའི་མི་རིགས་མང་བ་ཡོད་པའི་ས་ཁུལ་གསུམ་ནས་ཡུ་གུར་མི་རིགས་ལྔ་འབུམ་བདུན་ཁྲི་ལྷག་རྒྱ་ནག་གཞུང་གིས་གཉེར་བའི་སྲིང་བལ་ལག་པས་བཏོག་སར་བཏང་ཡོད་པ་དང་། དེ་ནི་རྒྱ་གཞུང་གིས་བཙན་ཤེད་བཏང་སྟེ་ངལ་རྩོལ་སྐུལ་ས་དང་ངལ་རྩོལ་བ་གནས་སྤོ་བྱ་རྒྱུའི་བྱུས་ངན་གྱི་ཆ་ཤས་ཤིག་ཡིན་འདུག
ཞིབ་འཇུག་པ་རྣམས་ཀྱིས་རྒྱ་གཞུང་གིས་བཙན་ཤེད་བཏང་སྟེ། ཡུ་གུར་མི་རིགས་སྲིང་བལ་ལག་པས་བཏོག་འཇུག་སའི་ངལ་རྩོལ་བྱེད་སར་བཏང་བའི་གྲངས་འབོར་དངོས་གཞི་དེ་གོང་ཞུས་གྲངས་འབོར་ལས་ཀྱང་བརྒྱ་ཕྲག་སྟོང་ཕྲག་མང་པོས་མང་བ་ཡིན་པར་ཚོད་དཔག་གནང་འདུག
ཤར་ཏུར་ཀིསི་ཐན་ནི་སྲིང་བལ་མང་པོ་སྐྱེས་ས་ཞིག་ཡིན་པ་དང་། འཛམ་གླིང་ནང་གི་སྲིང་བལ་བརྒྱ་ཆ་༢༠ས་གནས་དེ་ནས་ཐོན་གྱི་ཡོད་པ་རེད། ཨ་མི་རི་ཀས་བེད་སྤྱོད་བྱེད་བཞིན་པའི་སྤུན་དོག་མང་ཆེ་བ་ཤར་ཏུར་ཀིསི་ཐན་ནས་ཡོང་གི་ཡོད་འདུག
རྒྱ་ནག་གཞུང་གིས་ཤིན་ཅིང་ཞེས་འབོད་པའི་ཤར་ཏུར་ཀིསི་ཐན་གྱི་མངའ་ཁུལ་དེ་བཞིན་བཙོན་པའི་ངལ་རྩོལ་ར་བ་མང་པོ་ཡོད་པ་དང་། དེ་དག་ནང་ཡུ་གུར་ཁ་ཆེའི་མི་རིགས་ས་ཡ་གཅིག་ལྷག་བཀག་ཉར་བྱས་ཡོད་རུང་། རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེའི་མི་རིགས་ཟུར་བཀག་བྱེད་ས་དེ་དག་ནི། ཁོང་ཚོར་ལག་ཤེས་སྦྱོང་བརྡར་སྤྲོད་སའི་ལྟེ་གནས་ཡིན་ལུགས་བཤད་ཀྱི་ཡོད་པ་རེད།
ད་རེས་གོང་ཞུས་ཨ་རིའི་ཞིབ་འཇུག་ཁང་གི་སྙན་ཐོ་གསར་པ་ཞིག་བཏོན་པ་དེས། ངལ་རྩོལ་སྐུལ་ས་དང་འབྲེལ་བའི་དངོས་ཟོག་མཁོ་སྤྲོད་བྱེད་མཁན་དག་ལ་རྗེས་འབྲས་ངན་པ་ཡོང་རྒྱུའི་སྔོན་བརྡ་ཡང་བཏང་འདུག
ཡང་རྒྱ་ནག་གཞུང་གིས་བཀག་ཉར་བྱས་པའི་ཡུ་གུར་མི་རིགས་ཚོ་ལག་ཤེས་སྦྱོར་བརྡར་ཁག་ནས་བསླབ་མཐར་སོན་ལུགས་བཤད་ན་ཡང་། བཀག་ཉར་བྱས་པ་མང་བ་ཆེ་བ་གསོག་སྒར་དེ་དག་དང་འབྲེལ་བ་ཡོད་པའི་བཟོ་གྲར་ལས་ཀ་བྱེད་དུ་གནས་སྤོ་བྱེད་ཀྱི་ཡོད་པ་དང་། རྒྱ་མིའི་ཉེན་རྟོག་པས་ཁོང་ཚོའི་ཐོག་སོ་ལྟ་ནན་པོ་བྱེད་པ་དང་། དམག་མིར་འཛིན་སྐྱོང་བྱས་པ་ལྟར་འཛིན་སྐྱོང་དང་ལྟ་བའི་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་སོགས་རྒྱ་ནག་གཞུང་འབྲེལ་གྱི་ཡིག་ཆའི་ནང་གསལ་བ་ཁག་ལུང་འདྲེན་ཡང་བྱས་འདུག