རྒྱ་ནག་དམར་ཤོག་ཚོཊ་པའི་མདུན་ལམ་ཉེན་ཁའི་ཐོག་ཡོད་པ།
2014.08.05
རྒྱ་ནག་ནང་ལྐོག་ཟ་རུལ་སུངས་འགོག་ཐབས་ཀྱི་ལས་གཞི་མདུན་བསྐྱོད་མ་ཐུབ་པའི་གནས་སྟངས་ཞིག་ཆགས་ཡོད་འདུག
དེ་ཡང་གནས་ཚུལ་ལྟར་ན། རྒྱ་ནག་ནང་ལྐོག་ཟ་རུལ་སུངས་འགོག་ཐབས་ཀྱི་ལས་གཞིར་ལྐོག་ཟའི་བྱ་སྤྱོད་ནང་ཚུད་པ་ཁག་གཅིག་གིས་འགོག་རྒོལ་བྱེད་བཞིན་པའི་རྐྱེན་གྱིས་ད་ཆ་ལས་གཞི་དེ་མདུན་བསྐྱོད་མ་ཐུབ་པའི་གནས་སྟངས་ཞིག་ཆགས་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་མ་འོངས་པའི་མདུན་ལམ་ཡང་ཉེན་ཁ་ཅན་ཞིག་གི་ཐོག་གནས་ཡོད་པ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱིས་དམར་ཤོག་ཚོགས་པའི་དཔོན་རིགས་ཀྱི་ཚོགས་འདུ་ཞིག་གི་ཐོག་བརྗོད་པ་ཚེས༥ཉིན་རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་བྱང་ཤར་ས་གནས་ཆུང་ངུ་ཞིག་གི་ ཅང་སྦེཡི་ཧྲན་ཟེར་བའི་གཞུང་འབྲེལ་གྱི་གསར་ཤོག་ནང་གནས་ཚུལ་བཀོད་སྤེལ་བྱས་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་གྱི་གསར་ཤོག་དེའི་ནང་ཐོན་པའི་གནས་ཚུལ་དེ་རྒྱ་ནག་གཞུང་གིས་དེ་སྔོན་རྒྱ་ནག་རྒྱལ་ནང་གི་བདེ་སྲུང་གི་འགོ་གཙོ་ཀྲོའུ་ཡུང་ཁང་གི་ཐོག་ཞིབ་དཔྱོད་བྱ་རྒྱུའི་གསལ་བསྒྲགས་བྱས་སྟེ་གཟའ་འཁོར་གཅིག་གི་རྗེས་སུ་བྱུང་བ་ཞིག་ཡིན་ཞིང་། གསར་ཤོག་དེའི་ནང་ཞེ་ཅིན་ཕེན་གྱི་གཏམ་བཤད་དེ་ག་དུས་བྱས་མིན་བརྗོད་མེད་ཀྱང་། ཁོང་གི་གཏམ་བཤད་ཀྱི་ནང་དོན་ཁག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོར་གཟའ་པ་སངས་ཉིན་འགྲེམ་སྤེལ་བྱས་ལུགས་བརྗོད་ཡོད་པ་རེད།
ཞེ་ཅིན་ཕེན་གྱི་གཏམ་བཤད་ལུང་འདྲེན་བྱས་པ་དེའི་ནང་ཞེ་ཅིན་ཕེན་གྱིས་ལྐོག་ཟའི་བྱ་སྤྱོད་ནང་ཚུད་པའི་དཔུང་ཚོགས་དང་། ལྐོག་ཟར་ངོ་རྒོལ་བྱ་མཁན་དབར་ཁ་གཏད་བྱུང་བའི་རང་བཞིན་དེའི་འོག་ལྐོག་ཟ་འགོག་ཐབས་ཀྱི་ལས་གཞི་མདུན་བསྐྱོད་མ་ཐུབ་པའི་གནས་སྟངས་ཆགས་ཡོད་པ་བརྗོད་འདུག་ལ། ད་དུང་ལྐོག་ཟར་གདོང་ལེན་བྱེད་པའི་བརྒྱུད་རིམ་གྱི་ནང་འཆི་གསོན་ཇི་ཆགས་ལ་ཁྱད་པར་མེད་ལ། སྒེར་ལ་བསྟོད་བསྔགས་དང་དམའ་བེབས་ཇི་བྱུང་ཡང་ཁྱད་པར་མེད་དགོས་པ་ཞིག་རེད་ཅེས་དང་། ཏང་དང་རྒྱལ་ཁབ་ཀྱི་མ་འོངས་པའི་མདུན་ལམ་ང་ཚོའི་ལག་ཏུ་རྩིས་སྤྲོད་བྱུང་བ་བཞིན་ང་ཚོས་ཀྱང་རང་ཉིད་ལ་འཁྲི་བའི་ལས་འགན་ངེས་པར་གྲུབ་དགོས་ཀྱི་རེད་ཅེས་བརྗོད་ཡོད་འདུག
གསར་འགོད་པ་སྐལ་ལྡན་བློ་གྲོས།