ཞི་ཅིན་ཕིན་གྱི་ལས་ཡུན་གསུམ་པའི་སྐབས་རྒྱ་གར་དང་ཕྱི་འབྲེལ་ཇེ་སྡུག་ཏུ་འགྲོ་ཉེན་ཡོད་པ་ཉམས་ཞིབ་པས་བརྗོད་བྱུང་།

འདི་ཚེས་༢༣ཉིན་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་སྲིད་འཛིན་གྱི་ལས་ཡུན་གསུམ་པ་དེ་དངོས་སུ་འགོ་ཚུགས་པ་མ་ཟད། རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཚང་མ་ཞི་ཅིན་ཕིན་རང་གི་རྒྱུད་འབྲེལ་ཕྱོགས་གཏོགས་ཤ་སྟག་བདམས་ཡོད་སྟབས་རྒྱ་ནག་གི་མ་འོངས་པར་ཉེན་ཁ་ཆེ་བ་ཆགས་པ་དང་། བོད་ནང་དུ་དམ་དྲག་གི་གནས་སྟངས་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་ངེས་ཡིན་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་རྒྱའི་ཉམས་ཞིབ་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཞི་ཅིན་ཕིན་སླར་ཡང་ལོ་ལྔར་རྒྱ་ནག་གི་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་ཆགས་ཡོད་པ་དང་། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་སྤྱི་ལོ་༢༠༡༧ལོར་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་ཏེ་(Padma Shri)་གཟེངས་རྟགས་ཐོབ་མྱོང་མཁན་སྐུ་ཞབས་(Kanwal Sibal)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཞི་ཅིན་ཕིན་སྲིད་འཛིན་གྱི་ལས་ཡུན་གསུམ་པར་སླེབས་པ་ནི་མི་གཅིག་དབང་བསྒྱུར་གྱི་ལམ་ལུགས་སྔར་ལས་ཤུགས་ཆེ་རུ་ཕྱིན་པ་མ་ཟད། ཁོང་གི་སྐབས་ལ་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་བདམས་སྲོལ་དེ་ཡང་མེད་པ་བཟོས་ཏེ། ཐེངས་འདིའི་རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་རྣམ་པ་ནི་ཁོང་གི་བློ་མཐུན་མི་སྣ་ཤ་སྟག་བདམས་ཡོད་པ་དེ་ནི་སྲིད་དབང་རྒྱ་སྐྱེད་བཏང་བ་གསལ་པ་རེད་ལ། གནད་དོན་ག་རེད་ཐག་གཅོད་བྱས་པ་ཡིན་ནའང་། ཁོང་ལ་ཧ་ཅང་གི་སྟབས་བདེ་རུ་ཕྱིན་ཡོད། ད་སྐབས་ཁོང་སྒེར་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཁ་གཏད་གཅོག་རྒྱུའི་ནུས་པ་ཡོད་པར་བརྟེན། རྒྱ་གར་ལ་ཁ་གཏད་གཅོག་རྒྱུ་ནི་སྟབས་བདེ་རུ་ཞེ་དྲགས་ཕྱིན་ཡོད། དེ་སྔོན་ཆབ་སྲིད་ཅུས་ནང་རྒྱ་གར་དང་འབྲེལ་བ་བཟང་དུ་གཏོང་དགོས་པ་བསམ་ཚུལ་བརྗོད་མཁན་བྱུང་ཡོད་སྲིད་པས། དེའི་རྐྱེན་གྱིས། རྒྱ་གར་དང་ཕྱི་འབྲེལ་རྦད་དེ་ཉམས་མེད་ཅེས་འགྲེལ་བརྗོད་གནང་བྱུང་།
དེ་ཡང་ཞི་ཅིན་ཕིན་ཕུད་པའི་གཞན་རྒྱ་ནག་དམར་ཤོག་གི་ཆབ་སྲིད་ཅུས་ (Politburo)་མི་དྲུག་སྟེ། དང་པོ་ལི་ཆང་ནི་ཧྲང་ཧའེ་གྲོང་ཁྱེར་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཡིན་པ་དང་། གཉིས་པ་ཀྲའོ་ལེ་ཅི་ནི་རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཡིན་ཞིང་། གསུམ་པ་ཝང་ཧུའུ་ཉིང་ནི་རྒྱ་ནག་རྒྱལ་ཡོངས་བཅོས་སྒྱུར་ཟབ་སྤེལ་གཞུང་ལས་ཁང་གི་འགན་འཛིན་ཡིན། བཞི་པ། ཚའེ་ཆི་ནི་རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དང་པེ་ཅིན་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཡིན་འདུག ལྔ་པ། ཏིང་ཞུའེ་ཞང་ནི་རྒྱ་ནག་དབུས་གཞུང་སྒྲུབ་ལས་ཁུངས་ཀྱི་འགན་འཛིན་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིན་འདུག དྲུག་པ་ལི་ཞི་ཡི་ནི་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དྲུང་ཆེ་དང་ཀོང་ཏུང་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིན་འདུག
རྒྱ་གར་གྱི་དམག་སྤྱི་ཟུར་པ་དང་དམག་དོན་ཉམས་ཞིབ་པ་སྐུ་ཞབས་(Dhruv Katoch)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་གར་གྱིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱ་ནག་དང་ལྷན་དུ་གནད་དོན་འདྲ་མིན་ཐོག་གདོང་ལེན་མང་དག་ཅིག་བྱེད་དགོས་བྱུང་ཡོད། ད་ལྟའི་ཞི་ཅིན་ཕིན་གྱིས་སྣེ་ཁྲིད་པའི་རྒྱ་ནག་སྲིད་གཞུང་དང་རྒྱ་གར་གཉིས་བར་འབྲེལ་བ་བཟང་དུ་འགྲོ་ཡི་རེད་བསམ་གྱི་མིན་འདུག་ལ། ལྷག་ཏུ་ཞི་ཅིན་ཕིན་གྱི་ལས་ཡུན་གསུམ་པ་དེ་ནི་ཁོང་རང་ཉིད་རྒྱ་ནག་དམར་ཤོག་ཚོགས་པ་ལས་དབང་ཤུགས་ཆེ་བ་གྱུར་ཟིན་ཡོད་པ་དེ་ནི་དུས་རབས་ཉིར་གཅིག་པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ནང་འགྱུར་བ་ཆེ་ཤོས་གྲས་ཤིག་ཡིན་ཞེས་དང་། ས་མཚམས་ཀྱི་རྩོད་རྙོག་དེ་ནི་མུ་མཐུད་རྒྱལ་ཁབ་གཉིས་ཀྱི་གདོང་ལེན་བྱེད་དགོས་གནད་དོན་ཞིག་ཡིན་པས། ས་མཚམས་དོན་དུ་འབྱུང་འབྱུང་རྒྱལ་ཁབ་གཉིས་བར་དམག་རྒྱག་མིན་ནི་རྒྱ་གར་གྱི་དམག་གི་ནུས་ཤུགས་ལ་རག་ལས་ཡོད། རྒྱ་གར་གྱི་དམག་དོན་ཉམས་རྒུད་དུ་སོང་ཡིན་ན། རྒྱ་ནག་གིས་དམག་རྒྱག་པའི་ཉེས་ཁ་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
དམག་དཔོན་ཟུར་པ་སྐུ་ཞབས་(Dhruv Katoch)་ལགས་ནི། ཇ་མུ་ཀ་ཤི་མིར་གཙོས་པའི་རྒྱ་གར་བྱང་ཤར་ཁུལ་གྱི་དམག་དོན་ལས་འགུལ་མང་དག་ཅིག་ནང་མཉམ་བཞུགས་གནང་མྱོང་འདུག་པ་མ་ཟད། དེ་སྔོན་སེངྒ་ལའི་ནང་དྲག་ཆས་ཉེས་ཅན་ལ་འཐབ་འཛིན་བྱེད་པའི་སྐབས། ཁོང་གིས་རྒྱ་གར་གྱི་སྤྱི་ཁྱབ་དམག་དཔོན་གྱི་ཐུགས་འགན་བཞེས་ཏེ་འཐབ་རྒོལ་བྱས་པར་རྒྱ་གར་དབུས་གཞུང་གིས་ཁོང་ལ་(Sena Medal)་ཞེས་པའི་གཟེངས་རྟགས་ཕུལ་ཡོད་པ་རེད།
ཡང་དེ་སྔོན་(BBC)་གསར་ཁང་ནང་ཕྱག་ལས་གནང་མྱོང་མཁན་རྒྱ་གར་གྱི་གསར་འགོད་པ་སྐུ་ཞབས་(Aadil Brar)་ལགས་ཀྱིས། སྐབས་༢༠པའི་རྒྱ་ནག་དམར་ཤོག་གི་ཆབ་སྲིད་ཅུས་(Politburo)་ནང་དུ་དམག་དོན་ཐབས་བྱུས་ཉམས་མྱོང་ལྡན་པའི་མི་སྣ་ཡོད་པ་མ་ཟད། ལྷོ་ཨེ་ཤེ་ཡ་ནང་དུ་ཡུན་རིང་ཕྱི་འབྲེལ་གྱི་ལས་དོན་བསྒྲུབས་མྱོང་མཁན་ཡང་ཡོད་པས། མ་འོངས་པར་དཀྱིལ་ཤར་ཨེ་ཤེ་ཡ་དང་ལྷོ་ཨེ་ཤེ་ཡ་སོགས་ཀྱི་ནང་དུ་རྒྱ་ནག་གིས་ལྟ་སྤྱོད་དང་མཐུན་པའི་ཐབས་བྱུས་གཏིང་རྒྱུ་ཡིན་པ་གསལ་པོ་རེད། ལྷག་དོན་དུ་ཞི་ཅིན་ཕིན་གྱིས། རྒྱལ་ཁབ་བདེ་འཇགས་དགོས་ན་མཐའ་མཚམས་སྲུང་སྐྱོབ་དགོས་ཞེས་པའི་ཐབས་བྱུས་དེ་མུ་མཐུད་འཛིན་པའི་སྒོ་ནས་རྒྱ་གར་གྱི་ས་མཚམས་ལ་མུ་མཐུད་ཤུགས་རྐྱེན་སྤྲད་དེ་ད་ལྟའི་ས་མཚམས་ཀྱི་དཀའ་རྙོག་སེལ་རྒྱུ་ཁག་པོ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་ལྡི་ལིར་རྟེན་གཞི་བྱས་པའི་(Observer Research Foundation)་ཉམས་ཞིབ་ལྟེ་གནས་ཁང་ནང་ལྷོ་ཨེ་ཤེ་ཡའི་དཔལ་འབྱོར་གནད་དོན་ཐོག་ཉམས་ཞིབ་པ་སྐུ་ཞབས་(Naranjan Sahoo)་ལགས་ཀྱིས། འབྱུང་འགྱུར་རྒྱ་གར་ལ་དཔལ་འབྱོར་གྱི་ཐོག་ནས་སྔར་ལྷག་གདོང་ལེན་བྱེད་དགོས་པའི་གནད་དོན་འགའ་ཤིག་ཡོད། དཔེར་ན། རྒྱ་གར་དང་རྒྱ་ནག་གཉིས་བར་ཚོང་འབྲེལ་བྱས་པའི་བརྒྱུད་རིམ་ཁྲོད་རྒྱ་གར་གྱིས་རྒྱ་ནག་ནས་ཨ་སྒོར་འཐེར་འབུམ་༡༠༠ཡི་ཅ་དངོས་ནང་འདྲེན་བྱས་ཡོད། འོན་ཀྱང་། རྒྱ་ནག་ཕྱོགས་ནས་རྒྱ་གར་ནས་ཅ་དངོས་ཨ་སྒོར་འཐེར་འབུམ་༢༥ལས་ནང་འདྲེན་བྱས་མེད་སྟབས། ཚོང་གི་ཆ་ནས་རྒྱ་གར་ལ་ཨ་སྒོར་ཐེར་འབུམ་༧༣ནས་༧༤བར་གྱོང་རྒུད་ཕོག་ཡོད། དེར་བརྟེན། ཞི་ཅིན་ཕིན་གྱིས། ལས་ཡུན་གསུམ་པའི་དུས་ཡུན་ནང་རྒྱ་གར་ལ་ཚོང་གི་ཁྲོམ་རྭའི་གོ་སྐབས་བསྐྲུན་རྒྱུ་ཧ་ཅང་གི་ཁག་པོ་ཆགས་ཡོད་ལ། དཔལ་འབྱོར་གྱི་ཆ་ནས་རྒྱ་གར་ལ་མུ་མཐུད་གྱོང་རྒུད་ཕོག་ངེས་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
སྐུ་ཞབས་(Naranjan Sahoo)་ལགས་ལ་ཨེ་ཤེ་ཡའི་མཐུན་སྒྲིལ་ཚོགས་པའི་གཟེངས་རྟགས་ཐོབ་མྱོང་འདུག་པ་མ་ཟད། མང་གཙོ་དང་། དཔལ་འབྱོར། ཕྱི་སྲིད། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐོག་ལ་དཔྱད་རྩོམ་ཡང་ཡང་སྤེལ་མུས་ཡིན་འདུག
ཡང་ལྡི་ལིར་རྟེན་གཞི་བྱས་པའི་(Observer Research Foundation)་ཉམས་ཞིབ་ལྟེ་གནས་ཁང་གི་རྒྱ་ནག་གི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་སྐུ་ཞབས་(Kalpit Mankikar)་ལགས་ཀྱིས། ཞི་ཅིན་ཕིང་གིས། རྒྱ་ནག་ནི་རྒྱ་སྐྱེད་རིང་ལུགས་གཙོ་བཟུང་བྱས་པའི་རྒྱལ་ཁབ་ཞིག་ཡིན་པ་ངོས་འཛིན་གྱིས། དམག་གི་ནུས་ཤུགས་ཇེ་ཆེར་གཏོང་མུས་ཡིན། ཡང་ཕྱོགས་གཞན་ཞིག་ནས། ཞི་ཅིན་ཕིན་གྱིས་འཛམ་གླིང་ཞི་བདེ་སྐོར་བཤད་ཀྱི་ཡོད། དེར་བརྟེན། འདས་པའི་ལོ་༡༠ལ་ཕྱིར་བལྟས་ཤིག་བྱས་པ་ཡིན་ན། ཞི་ཅིན་ཕིན་གྱི་དབང་ཤུགས་དེ་དམག་ལ་བརྟེན་ནས་གནས་ཡོད་པ་གསལ་པོ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ཉེ་ལམ་སྤྱི་ཟླ་༡༠པའི་ཚེས་༡༦ཉིན་བསྐོང་ཚོགས་གནང་བའི་རྒྱ་ནག་དམར་ཤོག་གི་ཚོགས་ཆེན་ཐེངས་༢༠པ་འགོ་འཛུགས་སྐབས། ཞི་ཅིན་ཕིན་གྱི་གཏམ་བཤད་ནང་། རྒྱ་ནག་གི་དམག་དོན་དེང་རབས་ཅན་དུ་བསྒྱུར་ཏེ། ཡར་རྒྱས་ཆེན་པོ་གཏོང་དགོས་པ་དང་། སྲུང་སྐྱོབ་ཀྱི་གནད་དོན་གཙོ་བཟུང་དགོས་པ། རྒྱལ་ནང་ཞི་བདེ་ལྷིང་འཇགས་དགོས་པ། དེ་བཞིན་ཐེ་ཝན་ཐོག་མུ་མཐུད་ལངས་ཕྱོགས་མཁྲེགས་བཟུང་དགོས་པ་གསལ་སྟོན་བྱས་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།