ཨ་རིས་གནས་སྐབས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་མ་དངུལ་སྤྲོད་མཚམས་འཇོག་རྒྱུ་ཡིན་འདུག


2020.04.15
ཕོ་བྲང་དཀར་པོའི་ནང་སྲིད་འཛིན་གྱིས་ཉིན་རེའི་ཏོག་དབྱིབས་ནད་ཡམས་སྔོན་འགོག་ལས་དོན་ཡོངས་བསྒྲགས་སྐབས། ༢༠༢༠།༤།༡༤ ཕོ་བྲང་དཀར་པོའི་ནང་སྲིད་འཛིན་གྱིས་ཉིན་རེའི་ཏོག་དབྱིབས་ནད་ཡམས་སྔོན་འགོག་ལས་དོན་ཡོངས་བསྒྲགས་སྐབས། ༢༠༢༠།༤།༡༤
AFP

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ནད་ཡམས་སྔོན་འགོག་ལས་དོན་ཡག་པོ་བསྒྲུབ་མེད་པ་ཨ་རིའི་སྲིད་འཛིན་གྱིས་སྐྱོན་བརྗོད་དང་མཉམ་སྒྲིག་འཛུགས་དེར་གནས་སྐབས་མ་དངུལ་མཚམས་འཇོག་བྱེད་རྒྱུ་བསྒྲགས་འདུག
ཨ་རིའི་སྲིད་འཛིན་སྐུ་ཞབས་(Donald Trump)་ལགས་ཀྱིས་འདི་ཚེས་༡༤་རེས་གཟའ་མིག་དམར་ཉིན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(Covid-19)་ནད་ཡམས་སྔོན་འགོག་ཐད་ལས་དོན་འཐུས་ཤོར་དང་སྦས་གསང་བྱས་བ་བཅས་ལ་བརྟེན། གནད་དོན་དེར་རྟོག་ཞིབ་བྱེད་རྒྱུ་ཡིན་པས་གནས་སྐབས་རིང་ཨ་རིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་མ་དངུལ་མཁོ་སྤྲོད་མཚམས་འཇོག་གནང་རྒྱུ་ཡིན་པ་གསུང་ཡོད་པ་རེད། སྲིད་འཛིན་གྱིས། ཨ་རིའི་གཞུང་གི་ངོས་ནས་གནས་སྐབས་རིང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་མ་དངུལ་མཁོ་སྤྲོད་མཚམས་བཞག་སྟེ། སྒྲིག་འཛུགས་དེས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་སྔོན་འགོག་ཐད་དོ་དམ་འོས་འཚམ་བྱས་ཡོད་མེད་དང་། གནས་ཚུལ་སྦ་གསང་བྱས་ཡོད་མེད་ཐད་དཔྱད་ཞིབ་བྱེད་རྒྱུ་ཡིན་ཞེས་གསུང་ནས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཚོད་དཔག་ནོར་འཛོལ་དང་། རྒྱ་ནག་གཞུང་གི་བཤད་ཚུལ་ལ་ཡིད་ཆེས་དྲགས་པ། དེ་བཞིན་རྒྱ་ནག་གི་ཚན་རིག་ཉམས་ཞིབ་པ་དང་སྨན་པ་བོར་བརླག་དང་། ནད་ཡམས་ཀྱི་འབྱུང་ཁུངས་ཐད་ཀྱི་གནས་ཚུལ་སྤེལ་བ་བཀག་སྡོམ་བྱས་པ་དེ་རིགས་སྣང་མེད་བཞག་པར་སྐྱོན་བརྗོད་བྱས་ནས། ནོར་འཁྲུལ་དེ་དག་གི་རྐྱེན་པས་འཛམ་གླིང་ཐོག་མི་མང་པོའི་ཚེ་སྲོག་ཤོར་ཡོད་པ་གསུང་ཞོར། ཁོང་གིས། ཨ་རིས་མུ་མཐུད་དུ་འཛམ་གླིང་བསྟེན་སྒྲིག་འཛུགས་དང་འབྲེལ་བ་བྱས་ནས་སྒྲིག་འཛུགས་དེས་ལས་དོན་བྱེད་ཕྱོགས་ལ་དོན་དང་ལྡན་པའི་བཅོས་བསྒྱུར་བྱེད་པར་རེ་བ་བཟུང་ཡོད་པ་བརྗོད་འདུག
ཨ་རིའི་སྲིད་འཛིན་གྱི་གསལ་བསྒྲགས་གནང་བ་དེར། ཨ་རིའི་གྲོས་ཚོགས་ཀྱི་སྤྱི་མཐུན་ཚོགས་པའི་འཐུས་མིའི་ནང་རྒྱབ་སྐྱོར་དང་དམངས་གཙོ་ཚོགས་པའི་འཐུས་མིའི་ནང་སྐྱོན་བརྗོད་བྱེད་མཁན་བྱུང་ཡོད་ཀྱང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འདས་པའི་ཟླ་བ་གསུམ་རིང་གི་ནད་ཡམས་གནས་ཚུལ་ཐད་སྦས་གསང་ཡོད་མེད་སོགས་ཀྱི་སྐོར་ཨ་རིའི་གྲོས་ཚོགས་ཀྱིས་རྟོག་ཞིབ་བྱེད་འཆར་ཡོད་འདུག
ཨ་རིའི་གནད་དོན་དབྱེ་ཞིབ་པའི་ནང་རྟོག་ཞིབ་བྱེད་ཡུལ་དེ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་མ་ཡིན་པར་ཚོགས་པ་དེའི་འགན་འཛིན་(Tedros Adhanom)་ཡིན་པ་བརྗོད་བཞིན་ཡོད། ཨ་རིའི་གྲོས་ཚོགས་ཀྱི་ལས་དོན་ཐད་ཆ་རྒྱུས་ཡོད་པའི་ཨ་རིའི་ཆབ་སྲིད་ཉེན་ཁའི་དོ་དམ་བློ་འདོན་པ་ཧྥང་ཀི་ཨིན་ནས་གསུང་ན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འདས་པའི་ཟླ་གསུམ་རིང་ནད་ཡམས་ཐག་གཅོད་བྱེད་ཕྱོགས་འགྲེལ་བརྗོད་གསལ་བོ་བྱེད་རྒྱུ་དེ་ཁོ་ཚོས་སྒྲུབ་ཐུབ་པའི་འགན་རེད། ཁོང་ཚོས་རྒྱལ་ཁབ་གང་རུང་ལ་ཕྱོགས་ཞེན་བྱས་མེད་པར་བར་གནས་ཐོག་ལས་དོན་སྒྲུབ་ཡོད་པ་གསལ་སྟོན་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ལ། ད་ལྟའི་འབྲེལ་ལམ་འདི་ཇི་ལྟར་ཇེ་ལེགས་གཏོང་ཐུབ་མིན་ཚོགས་པ་རང་ལ་རག་ལས་ཡོད་པ་བརྗོད་འདུག
འཛམ་གླིང་རྒྱལ་ཁབ་ཁག་ཅིག་གི་དབུ་ཁྲིད་མི་ཉུང་བས་ད་རེས་ནད་ཡམས་ཛ་དྲག་ཆེ་བའི་སྐབས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་དོན་གལ་ཆེན་ཡིན་པས་ཨ་རིའི་སྲིད་འཛིན་གྱི་ཐག་གཅོད་དེ་དུས་དང་རན་པ་མིན་པའི་བསམ་ཚུལ་སྟོན་བཞིན་པ་རེད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་(Antonio Guterres)་ལགས་ཀྱིས། ལས་དོན་ཚགས་ཚུད་བྱུང་ཡོད་མིན་ལ་མ་བལྟོས་བར་ད་ལྟ་ནི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་མ་དངུལ་ཉུང་འཕྲི་བྱེད་པའི་དུས་མ་རེད། ད་ལྟ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཚང་མ་མཐུན་སྒྲིལ་བྱས་ཏེ་ནད་ཡམས་འདི་འགོག་ཐབས་སྔོན་འགོག་གི་དུས་ཡིན་པ་བརྗོད་འདུག
ཡང་ཨོ་སི་ཀྲི་ལི་ཡའི་སྲིད་བློན་ནས་ཨ་རིའི་སྲིད་འཛིན་གྱིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་སྐྱོན་བརྗོད་བྱེད་པ་དེར་ཁག་ཡོད་པ་མ་རེད་གདུང་སེམས་མཉམ་བསྐྱེད་ཡོད། ཡིན་ནའང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནི་ཚོགས་པ་ཞིག་ཡིན་པས་ང་ཚོས་མུ་མཐུད་དུ་མཉམ་འབྲེལ་བྱེད་དགོས་ཀྱི་རེད་ཅེས་བརྗོད་འདུག
དབྱིན་ཇའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཟུར་བ་(John Sawers)་ལགས་ཀྱིས། རྒྱ་ནག་ནི་ཐེངས་འདིའི་ནད་ཡམས་སྐོར་ལ་གནས་ཚུལ་སྦས་གསང་བྱེད་མཁན་གཙོ་བོ་ཡིན་པས་འགན་གཙོ་བོ་དེ་རྒྱ་ནག་ལ་ཡོད་པ་ལས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་མ་རེད་ཅེས་བརྗོད་འདུག
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་གཞན་སྒྲིག་འཛུགས་དང་གསར་ལམ་ཁག་གི་གྲངས་ཐོ་ལྟར་ན། འདི་གའི་སྤྱི་ཟླ་ ༤ ་པའི་ཚེས་༡༥་ཉིན་བར། རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་དེ་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་ཁག་༢༠༧་ཙམ་གྱི་ནང་ཁྱབ་ནས། ད་བར་ཁྱོན་བསྡོམས་ནད་པ་མི་གྲངས་༢༠༧༡༡༥༦་ཐོན་ཡོད་པ་དང་། དེའི་ཁྲོད་ནས་མི་གྲངས་༡༣༣༤༣༨་འདས་གྲོངས་སུ་ཕྱིན་འདུག་ལ། ད་ལྟའི་ཆར་ནད་པའི་གྲངས་ཀ་མང་ཤོས་ཨ་རི་དང་། སུ་པན། ཨེ་ཊ་ལི། ཧྥ་རན་སུ། རྒྱ་ནག དབྱིན་ཡུལ། ཇར་མན་བཅས་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎