ནད་ཡམས་སྐབས་རྡོག་རྩ་གཅིག་སྒྲིལ་དང་གཅིག་ཕན་གཅིག་གྲོགས་བྱེད་གལ་ཆེ་བ་༧གོང་ས་མཆོག་གིས་བཀའ་སྩལ།


2020.05.04
བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག
OHHDL

ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཆེ་བའི་ཛ་དྲག་གི་དུས་འདིར་ཚང་མས་འགྲོ་བ་མི་གཅིག་གྱུར་ཡིན་པ་གཞི་རྩར་འཛིན་པའི་ཐོག་རྡོག་རྩ་གཅིག་སྒྲིལ་དང་གཅིག་ཕན་གཅིག་གྲོགས་བྱེད་གལ་ཆེ་བ་༧གོང་ས་མཆོག་གིས་བཀའ་སྩལ་འདུག
ད་སྐབས་འཛམ་བུ་གླིང་སྤྱི་དང་ལྷག་པར་དུ་ཨ་མི་རི་ཀའི་རྒྱལ་ཁབ་ནང་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་འགོས་ཁྱབ་ཀྱི་གནས་སྟངས་ཛ་དྲག་ཡིན་པར་བརྟེན། སྤྱི་ཟླ་༥་པའི་ཚེས་༡་རེས་གཟའ་སྤེན་པའི་ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་གསུང་འཕྲིན་ཞིག་སྩལ་བའི་ནང་དུ། གཉན་འཕྲང་ཆེ་བའི་དུས་སྐབས་འདིའི་ནང་། རང་རེའི་ནང་མི་གཉེན་འབྲེལ་འདས་གྲོངས་སུ་གྱུར་པའི་སྡུག་བསྔལ་དང་། རང་གི་འཕྲོད་བསྟེན་གྱི་ཉེན་ཚབས་སོགས་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་དང་། དཔལ་འབྱོར་ཉམས་རྒུད་ལ་བརྟེན་ནས་རྒྱལ་སྤྱིའི་གཞུང་ཁག་དཀའ་ངལ་ཤིན་ཏུ་ཆེན་པོའི་ནང་ལྷུང་བ་ཙམ་དུ་མ་ཟད། འགྲོ་བ་མི་ཧ་ཅང་མང་པོ་ཞིག་གི་འཚོ་གནས་ལ་བརྡབ་གསིག་ཆེན་པོ་ཐེབས་བཞིན་ཡོད། དེ་བས་དུས་སྐབས་འདི་འདྲར། ངེས་པར་དུ་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་གནས་བབ་ལ་བསམ་གཞིགས་ནན་པོ་བྱེད་རྒྱུ་དང་། འགྲོ་བ་མི་གཅིག་གྱུར་ཡིན་པའི་གཞི་རྩ་དེ་ལ་བརྟེན་ནས་བྱམས་བརྩེ་ལྡན་པའི་ངང་རྡོག་རྩ་གཅིག་སྒྲིལ་དང་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱེད་དགོས། དེང་སྐབས་ང་ཚོས་འཇིགས་སྣང་དང་རེ་བ། ངེས་གཏན་མེད་པའི་ཚོར་བ་གཅིག་མཚུངས་སུ་མྱོང་བཞིན་ཡོད་མོད། འོན་ཀྱང་བདེ་སྐྱིད་འདོད་པའི་འདུན་པས་རང་རེ་ཀུན་གཅིག་ཏུ་བསྒྲིལ་ནས་གནས་ཡོད། རང་རེ་འགྲོ་བ་མི་ལ་རྒྱུ་མཚན་ལ་བསམ་བློ་གཏོང་བའི་རྣམ་དཔྱོད་དང་དངོས་ཡོད་གནས་ཚུལ་མཐོང་བའི་ནུས་པ་ཡོད་པ་དེས་རྐྱེན་ངན་གྲོགས་ལ་བསྒྱུར་བའི་གོ་སྐབས་བསྐྲུན་གྱི་ཡོད་ཅེས་བཀའ་བསྩལ་འདུག
མཐའ་མཇུག་ཏུ་༧གོང་ས་མཆོག་གིས། ཐེངས་འདིའི་ནད་ཡམས་ཀྱི་འཇིག་པ་དང་དེའི་མཇུག་འབྲས་ཀྱིས། དཀའ་ངལ་ཆེན་པོ་ཅི་འདྲ་ཞིག་དང་འཕྲད་ནའང་རྡོག་རྩ་གཅིག་སྒྲིལ་དང་མཉམ་སྦྲེལ་བྱེད་པ་ཁོ་ནས་གདོང་ལེན་བྱེད་དགོས་པར་སྟོན་གྱི་ཡོད་ལ་ཚང་མས་གཅིག་སྒྲིལ་ལ་དོ་སྣང་དགོས་པའི་རེ་སྨོན་ཞུ་རྒྱུ་ཡིན་ཞེས་བཀའ་སྩལ་འདུག
གཞན་ཡང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཆེ་བས། བར་སྐབས་ཤིག་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རྗེས་འབྲང་བ་མང་པོ་ཞིག་གིས་རྣམ་ཀུན་ལྟར་༧མགོན་པོ་གང་ཉིད་མཆོག་གི་གསུང་ཆོས་ཞུ་རྒྱུ་བྱུང་མེད་པ་མ་ཟད། ནད་ཡམས་འགོས་ཁྱབ་ཀྱི་དབང་གིས་སྔར་རྒྱུན་བཞིན་༧གོང་ས་མཆོག་དངོས་སུ་མཇལ་རྒྱུ་བྱུང་མེད་ནའང་། ༧གོང་ས་མཆོག་གི་སྐུ་ཁམས་སྔར་བཞིན་ཧ་ཅང་ཡག་པོ་ཡོད་པ་དང་། ནད་ཡམས་དང་འབྲེལ་བའི་གསུང་འཕྲིན་འདི་ནི་ཨ་མ་རི་ཀའི་གནད་ཡོད་མི་སྣ་ཁག་ཅིག་ནས་གསོལ་འདེབས་ཞུས་པ་བཞིན་༧གོང་ས་མཆོག་གིས་སྩལ་བ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ཞལ་པར་བརྒྱུད་འགྲེལ་བརྗོད་གནང་བྱུང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎