ལྷ་སར་ཡོད་པའི་བོད་ལྗོངས་སློབ་གྲྭ་ཆེན་མོ་སློབ་འགོ་ཚུགས་མ་ཐུབ་པར་ཡོད་འདུག
2020.04.02
བོད་ཀྱི་རྒྱལ་ས་ལྷ་སའི་ནང་སྤྱིར་སྟངས་གཞི་རིམ་སློབ་གྲྭ་མང་ཆེ་བ་སློབ་གྲྭ་ཚུགས་ཡོད་ཀྱང་ལྷ་སའི་བོད་ལྗོངས་གཙུག་ལག་སློབ་གྲྭ་ཆེན་མོ་སློབ་འགོ་ཚུགས་མ་ཐུབ་པར་ཡོད་པ་རེད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལ་ལྷ་ས་ནས་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་གསུངས་པར་གཞིགས་ན། རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(Covid-19)་ནད་ཡམས་ཀྱི་རྐྱེན་པས་བོད་ནང་གི་སློབ་གྲྭ་ཁག་ཡུན་རིང་སྒོ་རྒྱབ་ཡོད་པ་རེད། ཡིན་ཡང་ཉིན་ཤས་གོང་ནས་བོད་ཀྱི་རྒྱལ་ས་ལྷ་ས་དང་ཉེ་འཁོར་གྱི་འབྲིང་རིམ་དང་མཐོ་རིམ་སློབ་གྲྭ་ཁག་སློབ་འགོ་ཚུགས་ཡོད་པ་དང་། སློབ་གྲྭ་ཆེན་མོར་བསྐྱོད་མཁན་ཚོ་བདུན་ཕྲག་གཅིག་ཙམ་གྱི་སྔོན་ནས་སློབ་གྲྭ་ཚུགས་ཡོད་པ་རེད། ཡིན་ན་ཡང་ལྷ་སར་ཡོད་པའི་བོད་ལྗོངས་སློབ་གྲྭ་ཆེན་མོ་ད་དུང་ཡང་སློབ་འགོ་ཚུགས་མ་ཐུབ་པར་ཡོད་པ་དང་། དེའི་རྒྱུ་རྐྱེན་གཙོ་བོ་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་ཕྱི་ལོག་དང་། དེ་མིན་བོད་ཀྱི་ས་ཁུལ་གཞན་མང་པོ་ནས་སླེབས་པའི་སློབ་ཕྲུག་མང་པོ་སློབ་གྲྭར་གཏན་སྡོད་བྱེད་ཀྱི་ཡོད་པར་བརྟེན། ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་སྔོན་འགོག་ཀྱི་ལས་དོན་སྤེལ་ཕྱོགས་ཐོག་ནས། སློབ་གྲྭ་ཚུགས་ཐུབ་ཀྱི་མེད་པ་ངོ་སྤྲོད་གནང་བྱུང་།
ད་དུང་ཁོང་གིས་མུ་མཐུད་དུ་གསུང་ན། སྤྱིར་ལྷ་སའི་ཉེ་ཁུལ་དུ་ཟ་ཁང་དང་སློབ་གྲྭ་སོགས་མང་པོ་ཞིག་སྒོ་ཕྱེ་ཡོད་པ་དང་། ཕྱོགས་མཚུངས་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་སྔོན་འགོག་གི་འཕྲོད་བསྟེན་ལས་འགུལ་ཁག་ཀྱང་མུ་མཐུད་སྤེལ་བཞིན་འདུག་ཅེས་དང་། སྤྱི་ཟླ་གསུམ་པའི་ཚེས་༣༡་ཉིན་ནས་ལྷ་སའི་ཉེ་འཁོར་གྱི་གྲོང་གསེབ་ས་ཁུལ་ཁག་གི་ནང་ཡོད་པའི་དགོན་པ་ཆུང་གྲས་འགའ་ཤས་ཡོད་པ་དེ་ཚོ་སྒོ་ཕྱེ་ཡོད་པ་དང་། དགོན་པའི་ནང་ཆོས་མཇལ་ཞུ་བར་ཕེབས་མཁན་ཚོར་འཕྲོད་བསྟེན་གྱི་ཆེད་དུ་གཟུགས་པོར་ནད་གཞི་དང་ཚ་བ་ཡོད་མེད་སོགས་བརྟག་དཔྱད་བྱས་ཏེ། ཆོས་མཇལ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་འཇུག་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་ཉིན་ཤས་གོང་བོད་ནང་ནས་བོད་མི་ཁག་གཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་གསར་བ་སྔོན་འགོག་ཚོད་འཛིན་གྱིས་རྒྱལ་ཁ་ཆེན་པོ་བླངས་ཡོད་ཚུལ་ཕྱིར་བསྒྲགས་བྱེད་ཞོར་རྒྱལ་ནང་གི་འགྲོ་བསྐྱོད་བཀག་ཁག་རྒྱ་རིམ་གློད་བཞིན་ཡོད་ཀྱང་། དེས་རྐྱེན་པས་རྒྱ་ནག་ནས་བོད་ནང་ལས་ཀ་བྱེད་མཁན་དང་། ཚོང་པ་སོགས་ཡོང་རྒྱུ་དང་། མི་ཚོགས་འཛོམས་པར་བཀག་རྒྱ་གློད་པ་བཅས་ལ་བརྟེན་བོད་ནང་སླར་ཡང་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་འགོས་ཁྱབ་ཡོང་སྲིད་པ་བོད་མི་ཚོས་སེམས་ཚབས་དང་འཇིགས་སྣང་བྱེད་བཞིན་པ་ངོ་སྤྲོད་གནང་ཡོད།