ལྷ་སར་གནས་མཇལ་ཡུལ་སྐོར་དུ་འབྱོར་ཡོད་པ་ཚོ་ཕྱིར་ཕུད་དང་ཕྱི་ནས་ཡོང་མཁན་བཀག་སྡོམ།
2020.01.31
རྒྱ་ནག་ཝུའུ་ཧན་གྱི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཀྱི་རྐྱེན་པས་ཕྱོགས་མཐའ་ཁག་ནས་ལྷ་སར་གནས་མཇལ་ཡུལ་སྐོར་ལ་འབྱོར་ཡོད་པ་ཚོ་ཕྱིར་ཕུད་བྱེད་བཞིན་ཡོད་འདུག
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་ཝུའུ་ཧན་གྱི་ཏོག་དབྱིབས་ནད་འབུ་གསར་བའི་(coronavirus)་ནད་ཡམས་ཀྱི་རྐྱེན་པས་ཕྱོགས་མཐའ་ཁག་ནས་ལྷ་སར་གནས་སྐོར་ཡུལ་སྐོར་ལ་འབྱོར་ཡོད་པ་ཚོ་འདི་ཚེས་༣༡་ཉིན་ནས་ཕྱིར་ཕུད་བྱེད་བཞིན་ཡོད་པ་མ་ཟད། ཕྱོགས་མཐའ་ཁག་ནས་ལྷ་སར་གནས་མཇལ་ཡུལ་སྐོར་དུ་ཡོང་མཁན་སོགས་ལྷ་ས་གྲོང་ཁྱེར་ནང་འཛུལ་འཇུག་གི་མེད་པ་རེད་འདུག
དེའི་ཐད་བོད་ནས་བོད་མི་ཞིག་གིས་བརྗོད་དོན། གྲོང་ཁྱེར་ལྷ་སའི་ནང་འབྱོར་ཡོད་པའི་གནས་སྐོར་ཡུལ་སྐོར་བ་ཚོ་ས་གནས་རྒྱ་ནག་གཞུང་གིས་སོ་སོའི་རང་ཡུལ་དུ་ལོག་དགོས་བའི་བཀའ་ཁྱབ་བཏང་བ་ལྟར། འདི་ཚེས་༣༠་ཉིན་ང་ཚོ་མི་མང་པོ་ཞིག་མེ་འཁོར་དུ་བསྡད་ནས་ཕ་ཡུལ་མཚོ་སྔོན་ཕྱོགས་སུ་ལོག་འགྲོ་བཞིན་པ་ཡིན། དེ་མ་གཏོགས་མུ་མཐུད་དུ་ལྷ་སར་བསྡད་ན་ལོགས་སུ་བཀག་ཉར་དང་དེའི་རིང་འགྲོ་སོང་ཡོད་ཚད་སོ་སོ་རང་ངོས་ནས་གཏོང་དགོས་བ་བརྗོད་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཉེ་བའི་སྤྱི་ཟླ་༡༢ ་པའི་ནང་ཕ་ཡུལ་སྡེ་དགེ་ཕྱོགས་ནས་རྐང་ཐང་དུ་ལྷ་སར་གནས་མཇལ་དུ་ཡོང་མཁན་ཁྱིམ་ཚང་ཞིག་འདི་ཚེས་༢༩་ཉིན་ལྷ་སའི་ཉེ་འཁྲིས་སུ་འབྱོར་ཡོད་ཀྱང་། ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་ནང་འཛུལ་མ་བཅུག་པར་བཀག་འགོག་བྱས་བ་དང་། དེར་བཀག་ཡོད་པ་མི་གྲངས་བརྒྱ་སྐོར་ཙམ་ཡོད་པ་ཚང་མ་སྤྱི་སྤྱོད་རླངས་འཁོར་ལ་བཞག་ནས་ཕྱིར་སོ་སོའི་རང་གནས་སུ་བསྐྱལ་གྱི་འདུག་ལ་ང་ཚོ་ཡང་ཕྱིར་ཕ་ཡུལ་དུ་ལོག་འགྲོ་བཞིན་པ་ཡིན་ཅེས་དེའི་གྲས་ཀྱི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལ་གསུངས་བྱུང་།
མིག་སྔར་བོད་མི་འདུས་སྡོད་ས་ཁུལ་དཀར་མཛེས་ཁུལ་དུ་ཏོག་དབྱིབས་ནད་འབུ་འགོས་ཡོད་པའི་ནད་པ་ལྔ་དང་། མཚོ་སྔོན་ཟི་ལིང་དུ་ནད་པ་བརྒྱད། དེ་བཞིན་རྔ་བ་ཁུལ་དུ་གཅིག་དང་། བོད་རང་སྐྱོངས་ལྗོངས་ཟེར་བའི་ལྷ་ས་གྲོང་ཁྱེར་དུ་གཅིག་བཅས་ཐོན་ཡོད་པ་ངོས་ཟིན་ཡོད་ཀྱང་ད་བར་བོད་མི་ལ་རིམས་ནད་དེ་ཕོག་ཡོད་མེད་ཁ་གསལ་མེད་པ་རེད།
ཡིན་ཡང་བོད་ལྗོངས་བརྙན་འཕྲིན་གྱི་གནས་ཚུལ་ལྟར་ན། ཉེ་ལམ་ལྷ་ས་ནས་ཐོག་མར་ངོས་ཟིན་པའི་ཏོག་དབྱིབས་ནད་འབུ་གསར་བ་འགོད་པའི་ནད་པ་ཀྲང་དང་མཉམ་དུ། འབྲེལ་འདྲིས་ཉེ་བོ་བྱུང་བའི་མི་གྲངས་༡༢་རྩད་ཆོད་བྱུང་བ་དང་། དེ་དག་ལ་རྟག་དཔྱད་ཞིན་མོ་བྱེད་བཞིན་ཡོད་ཚུལ་འཁོད་འདུག
གཞན་ལྷ་ས་གྲོང་ཁྱེར་གཞུང་ལམ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་སྤྱི་བསྒྲགས་སྤེལ་ནས། འདི་ཚེས་༣༡་ཉིན་ནས་བཟུང་གནས་སྐབས་རིང་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་བར་དང་། ཡུལ་སྐོར་ས་གནས་བར་། རྫོང་བར། གྲོང་གསེབ་བཅས་ཀྱི་བར་འགྲུལ་སྐྱེལ་དུས་གཏན་ལམ་ཐིག་གི་འགྲུལ་སྐྱེལ་རིགས་མཚམས་འཇོག་བྱ་རྒྱུ་ཡིན་པ་གསལ་འདུག ཡིན་ཡང་སྤྱི་སྤྱོད་འགྲིམ་འགྲུལ་ནམ་རྒྱུན་ལྟར་ལས་གཉེར་བྱ་རྒྱུ་སོགས་འཁོད་འདུག
གཞན་ཡང་ལྷ་སའི་སྨན་ཁང་དང་འབྲེལ་བའི་གསལ་བསྒྲགས་ཞིག་གི་ནང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་སྒོ་བསྟེན་སྨན་བཅོས་ཁང་རྒྱུན་གཏན་ལྟར་སྒོ་འབྱེད་ཀྱི་ཡོད་ཀྱང་། ཉེ་དུས་ནད་གཞི་ཚབས་ཆེན་ཕོག་པའི་ནད་པར་སྨན་བཅོས་གཙོ་བོ་བྱེད་ཀྱི་ཡོད་པས་ན་ཚ་ཕན་ཚུན་མི་འགོ་བའི་ཆེད་དུ། འཕྲལ་དུ་སྨན་བཅོས་ཀྱི་དགོས་པ་མེད་ཚེ། གནས་སྐབས་སྨན་ཁང་དུ་སྨན་བཅོས་སུ་མི་ཡོང་བ་བྱེད་རྒྱུ་འཁོད་འདུག
རྒྱ་ནག་ཝུའུ་ཧན་གྱི་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་དེ་རྒྱ་ནག་ནས་བོད་ནང་ཁྱབ་གདལ་དུ་མི་འགྲོ་བའི་སྔོན་འགོག་ཆེད་ས་གནས་སྲིད་གཞུང་དང་། ས་གནས་ཀྱི་དགོན་པ་ཁག་དང་སྡེ་གྲོང་། མི་སྒེར་སོགས་ཀྱིས་དོ་སྣང་ཆེན་པོས་སྔོན་འགོག་བྱེད་ཐབས་འདྲ་མིན་ལ་འབད་བརྩོན་བྱེད་བཞིན་པ་དང་། བོད་ཁུལ་གྱི་ཁུལ་དང་རྫོང་། ཡུལ་ཚོ་དང་གྲོང་སྡེ་རིམ་པའི་བར་འགྲོ་འོང་ལ་སྟངས་འཛིན་དང་བཀག་སྡོམ་ནན་མོ་བྱེད་བཞིན་པ་རེད།
འདི་ཚེས་༣༡་ཉིན་བར་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གྲངས་ཐོ་ལྟར་ན། རྒྱ་ནག་ཝུའུ་ཧན་གྱི་ཏོག་དབྱིབས་ནད་འབུ་གསར་བའི་ནད་པ་མི་གྲངས་༩༨༡༡་ཙམ་བྱུང་བ་དང་། དེའི་ཁྲོད་ནས་ནད་པ་མི་གྲངས་༢༡༣་ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་རེད། དེ་བཞིན་རྒྱལ་སྤྱིའི་ནང་ཏོག་དབྱིནས་ནད་འབུ་གསར་བའི་ནད་ཡམས་དེ་རྒྱལ་ཁབ་༢༠་ཙམ་གྱི་ནང་ཁྱབ་ནས་ཁྱོན་ནད་པ་༡༠༠་ཙམ་ངོས་ཟིན་ཡོད་པར། ད་ཆ་ནད་ཡམས་དེ་འཛམ་གླིང་རང་བཞིན་གྱི་འཕྲོད་བསྟེན་ཐད་ཛ་དྲག་རིམས་ནད་ཡིན་པ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་གསལ་བསྒྲགས་སྤེལ་ཡོད་པ་རེད།