རྒྱ་མིའི་རྩོམ་པ་པོ་ཧ་ཅིན་ཡིས་རང་ཡུལ་དུ་ཕེབས་འདོད་ཡོད་པ།
2008.07.26
༄༅༎ཕུལ་བྱུང་གི་གཟེངས་རྟགས་ཐོབ་མཁན་རྒྱ་མིའི་རྩོམ་པ་པོ་ ཧ་ཅིན་ ཡིས་ ཕྱི་རྒྱལ་ནང་ལོ་༢༣རིང་ཡུལ་འཁྱར་བཞུགས་པའི་རྗེས་ ད་ཆ་ཁོང་རང་ཡུལ་རྒྱ་ནག་ལ་ཕེབས་རྒྱུའི་འདོད་པ་ཡོད་ནའང༌། རྒྱ་ནག་དམར་ཤོག་ཚོགས་པས་ཁོང་གི་རྩོམ་བྲིས་གནང་བའི་དཔེ་དེབ་འགྲེམས་སྤེལ་ཐོག་བཀག་སྡོམ་བྱེད་ཀྱི་ཡོད་པ་དེས་ཁོང་རྒྱ་ནག་ལ་ཕེབས་རྒྱུའི་སེམས་ཤུགས་བཅག་གི་ཡོད་སྐོར་གསུངས་བཞག
རྒྱ་ནག་ནས་ཨ་རིའི་ནང་བཙན་བྱོལ་ལ་ཕེབས་ནས་ལོ་ངོ་བཅུ་ཕྲག་གཉིས་ལྷག་ཙམ་རིང་ཕྱི་རྒྱལ་ས་ཐོག་བཞུགས་མཁན་རྒྱ་རིགས་རྩོམ་པ་པོ་ ཧ་ཅིན་ ཧོང་ཀོང་ནང་དཔེ་དེབ་འགྲེམས་ཚོང་གི་དུས་སྟོན་ཞིག་གི་ཐོག་ཕེབས་ཡོད་པའི་སྐབས་དེར། ཁོང་གིས་ གོ་སྐབས་བྱུང་ཚེ་ཁོང་རྒྱ་ནག་ལ་ཐེངས་གཅིག་ཕེབས་འདོད་ཆེན་པོ་ཡོད་པ་དང༌། དེ་སྔོན་༢༠༠༤ལོར་ཁོང་རྒྱ་ནག་ལ་ཕེབས་རྩིས་གནང་ཡོད་ཀྱང༌། སྐབས་དེ་དུས་ཁོང་གི་རྩོམ་བྲིས་གནང་བའི་སྒྲུང་དེབ་ སྒུག་སྡོད་དང༌། དམག་འཁྲུག་གི་སྙིགས་རོ་ ཞེས་པ་དེ་གཉིས་ཐོག་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱས་པའི་གནས་ཚུལ་བྱུང་ཡོད་དུས་ ཁོང་རང་ཡུལ་ལ་ལན་ཞིག་ཕེབས་རྒྱུའི་འདོད་པ་མ་བྱུང་ཞེས་འགྲེལ་བརྗོད་གནང་བཞག
མཚན་ངོ་མ་ཅིན་ཞུ་ཕེ་ཞུ་བའི་རྩོམ་པ་པོ་ཧ་ཅིན་ ༡༩༨༥ ལོར་ཨ་མི་རི་ཀར་ དབྱིན་སྐད་ནང་རིག་ཅིག་རྐང་འཛིན་གྱི་སློབ་སྦྱོང་གནང་བར་ཕེབས་ཡོད་པ་དང༌། རྒྱ་ནག་ནང་༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་བྱུང་བའི་རྗེས་ཁོང་རྒྱ་ནག་ལ་ཕྱིར་ལོག་མ་གནང་བར། ལོ་བརྒྱད་རྗེས་ཁོང་ཨ་མི་རི་ཀའི་མི་སེར་ཆགས་གནང་ཡོད་པ་རེད། ཁོང་དེང་སྐབས་ཨ་མི་རི་ཀའི་སྦོ་སི་ཊོན་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་དབྱིན་ཇིའི་སློབ་དགེ་ཡིན་པ་དང༌། ཁོང་གི་དབྱིན་ཡིག་ཐོག་རྩོམ་བྲིས་གནང་བའི་ དཔེ་དེབ་ཁག་རྒྱ་སྐད་ནང་ཡིག་བསྒྱུར་གནང་རྒྱུར་སྐུ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་རེད། ཁོང་གི་ད་བར་དབྱིན་ཡིག་ནང་དཔེ་དེབ་ཁག་ལྔ་ཙམ་རྩོམ་བྲིས་གནང་འདུག།