རྡ་སར་འཛམ་གླིང་རེག་ཐུག་ནད་གཞི་ཨེ་ཙི་ཉིན་མོར་སྲུང་བརྩི།
2010.12.01
༄༅༎དེ་རིང་བཞུགས་སྒར་རྡ་སའི་མེག་ལོ་གན་ཇི་རླངས་འཁོར་བབས་ཚུགས་སུ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་། འདམ་ག་ཚོགས་པ། ཀུན་ཕན་ཚོགས་པ་བཅས་ཐུན་མོང་གིས་གོ་སྒྲིག་འོག་འཛམ་གླིང་རེག་ཐུག་ནད་གཞི་ཨེ་ཙི་ཉིན་མོ་སྲུང་བརྩི་ཞུས་གནང་འདུག། འབྲེལ་ཡོད་ལས་བྱེད་རྣམ་པས་མང་ཚོགས་ལ་ནད་གཞི་དེའི་སྐོར་ངོ་སྤྲོད་དང་། སྔོན་འགོག་སོགས་ཀྱི་ཤེས་བྱའི་ཡིག་ཆ་ཁག་འགྲེམས་སྤེལ་གནང་བ་དང་། ཆབས་ཅིག་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ལས་སྐལ་བཟང་ལྷ་མོ་ལགས་ཀྱིས་འཕྲོད་བསྟེན་བཀའ་བློན་མཆོག་གི་གསུང་བཤད་སྒྲོགས་སྦྱང་གནང་བཞག།
གོང་ཞུས་གསུང་བཤད་ནང༌། ལོ་ལྟར་ཕྱི་ཟླ་༡༢ཚེས་༡ཉིན་འཛམ་གླིང་ཨེ་ཙི་ཉིན་མོར་སྲུང་བརྩི་ཞུ་གི་ཡོད་པ་ལྟར། དེ་རིང་ཕྱི་ཟླ་༡༢ཚེས་༡ འཛམ་གླིང་ཨེ་ཙི་ཉིན་མོ་འདིར་བོད་མི་ཡོངས་ལ་འཚམས་འདྲི་དང་སྦྲགས བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ནད་གཞི་འདིར་གཉན་ནད་རེག་ཐུག་ཅེས་འབོད་ཀྱི་ཡོད་སྐོར་གསུང་ཡོད་པ་དང༌། འདི་ལོའི་འཛམ་གླིང་ཨེ་ཙི་ཉིན་མོའི་བརྗོད་གཞི་ནི་Universal access and human rightsཞེས་པ་དེ་ཡིན་ཞིང་། འདི་ནི་རྒྱལ་སྤྱིའི་ནང་གང་ཟག་རེ་རེ་ལ་ནད་གཞི་འདི་རང་ཉིད་ལ་མ་འགོས་པའི་ཐབས་ལམ་བསྟེན་རྒྱུར་མཐུན་རྐྱེན་འདེང་ངེས་བཞིན་པ་དགོས་རྒྱུ་དང་།ནད་གཞི་དེ་ཡོད་མཁན་རྣམས་ལའང་སྨན་བཅོས་མཐུན་རྐྱེན་ལ་སོགས་པ་མཁོ་སྒྲུབ་བྱ་བདེ་དང་། མཐུན་རྐྱེན་དེ་དག་མཁོ་སྒྲུབ་བྱ་རྒྱུ་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཞིག་ཡིན་སྟབས། བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་༢༠༠༨ཀྱི་ཨེ་ཙི་ཉིན་མོ་ནས་བཟུང་བོད་མིའི་གཞིས་ཆགས་ཁག་ནང་ནད་གཞི་དེ་ཡོད་མེད་ཀྱི་བརྟག་དཔྱད་རིན་མེད་གནང་རྒྱུའི་ལས་འགུལ་ཞིག་བརྩམས་གནང་ཡོད་པ་དང་ཆབས་ཅིག་མང་ཚོགས་ཁྲོད་གོ་རྟོགས་ཡོང་ཆེད་ལས་འགུལ་ཡང་ཤུགས་ཆེ་སྤེལ་དང་སྤེལ་མུས་ཡིན་པར་བརྟེན་བཙན་བྱོལ་བོད་མི་ཕལ་མོ་ཆེས་གཉན་ནད་རེག་ཐུག་གསལ་རྟོགས་ཐུབ་པ་བྱུང་ཡོད་པའི་རེ་བ་གནང་འདུག་ལ་།
ནད་གཞི་འདིར་སྨན་བཅོས་བྱས་ཏེ་ནད་རྟགས་ཐོན་པའི་རིགས་ལ་ནད་གཞི་ཇེ་སྡུག་ཏུ་མི་འགྲོ་བར་ཚེ་བསྲིངས་པའི་སྨན་ཡོད་པ་ལས་ནད་གཞི་གཙང་དྲག་འགྲོ་རྒྱུ་མེད་པའི་ཐད་ཤེས་རྟོགས་ཡོང་བའི་རེ་བ་ཞུ་བཞིན་ཡོད་ཅེས་འཕྲོད་བསྟེན་བཀའ་བློན་གྱིས་གསུངས་བཤད་ནང་འཁོད་ཡོད་པ་རེད།
གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་དང་སྨན་ཁང་ཁག་གི་འགན་འཛིན་རྣམ་པར་སྔོན་ཚུད་ནས་བཀའ་བློན་མཆོག་གིས་གསུང་བཤད་དེ་ཆེད་གཏོང་གི་ས་གནས་ཁག་ཏུ་དེ་མཚུངས་དེ་རིང་གི་གཉན་ནད་རེག་ཐུག་གི་ཉིན་མོ་འདི་སྲུང་བརྩི་ཞུས་ཡོད་པའི་གནས་ཚུལ་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་སྤེལ་གནང་བཞག།