རྒྱ་ནག་འཛམ་གླིང་མང་གཙོའི་ཡུལ་གྲུ་ཁོངས་སུ་ཚུད་ཐབས་དགོས།

༸གོང་ས་མཆོག་ནས་རྒྱལ་སྤྱིའི་ཡུལ་གྲུ་ཁག་གིས་རྒྱ་ནག་འདི་བཞིན་འཛམ་གླིང་མང་གཙོའི་ཡུལ་གྲུའི་ཁོངས་སུ་ཚུད་ཐབས་བྱ་དགོས་བཀའ་གནང་བ།

2008.12.11

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྤྱིའི་ཡུལ་གྲུ་ཁག་གིས་རྒྱ་ནག་འདི་བཞིན་འཛམ་གླིང་མང་གཙོའི་ཡུལ་གྲུའི་ཁོངས་སུ་ཚུད་ཐབས་བྱ་དགོས་སྐོར་བཀའ་གནང་འདུག

དེ་ཡང་ཁ་སང་པོའོ་ལེནདྲ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་ལ་གསུང་བཤད་བསྩལ་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་རང་དབང་ཅན་གྱི་ཡུལ་གྲུ་ཚོས་རྒྱ་ནག་ཁེར་རྐྱང་ཟུར་འབུད་མི་གནང་བར་ངེས་པར་འཛམ་གླིང་གི་མང་གཙོའི་ཡུལ་གྲུའི་ཁོངས་སུ་ཚུད་ཐབས་བྱ་རྒྱུར་འོས་འགན་ཡག་པོ་ཞིག་ཡིན་པར་མ་ཟད་དེ་ནི་དོན་སྙིང་ལྡན་ལ་ཧ་ཅང་གལ་འགངས་ཆེ་བའི་རང་བཞིན་ཞིག་ཀྱང་རེད་ཅེས་བཀའ་གནང་འདུག

ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངའི་ངོས་ནས་རྒྱ་ནག་གཞུང་ཕྱོགས་ལ་ཡིད་ཆེས་བསྲབ་ཏུ་བསྲབ་ཏུ་འགྲོ་གི་འདུག་ན་ཡང་ངས་རྒྱ་ནག་མི་དམངས་ལ་ཡིད་ཆེས་བྱེད་བཞིན་པར་འགྱུར་བ་རྩ་བ་མེད་པར་གནས་ཡོད་ཅེས་བཀའ་གནང་པ་སྦྲགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ངོས་ནས་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོའི་འགོ་འཁྲིད་འོག་རྒྱ་ནག་འདི་བཞིན་ད་ལྟ་ལས་གུ་ཡངས་ཆེ་ཙམ་འབྱུང་རྒྱུར་ཐུགས་རེ་གནང་གི་ཡོད་པ་ཡང་བཀའ་གནང་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཤར་ཡོ་རོབ་ཀྱི་ཡུལ་གྲུ་པོའོ་ལེནདྲ་དུ་ཡུལ་དེའི་གྲོས་ཚོགས་གོང་མའི་ཚོགས་གཙོ་སྦོག་ཌན་སྦོ་རུསི་ལྦིཛི་དང་སྲིད་འཛིན་ཟུར་པ་པོའོ་ལེནདྲ་ཨུ་རུ་སུའི་དབང་བསྒྱུར་ལས་ཐར་ཐབས་ཀྱི་རང་དབང་འཐབ་རྩོད་ཀྱི་འགོ་འཁྲིད་སྐུ་ཞབས་ལེཁ་ལྦ་ལེ་ས་རྣམ་གཉིས་ནས་གདན་ཞུས་ལྟར་ཆིབས་བསྒྱུར་མཛད་འཕྲིན་སྐྱོང་གནང་མཛད་བཞིན་ཡོད་ཅིང་ཉིན་གཉིས་གོང་པོའོ་ལེནདྲ་གྱི་རྒྱལ་ས་ལྦར་སོར་ཞབས་སོར་འཁོད་གནང་མཛད་པ་དང་གཟའ་ཕུར་བུའི་ཉིན་ཡུལ་དེའི་སྲིད་འཛིན་ལེཁ་ཀ་ཛིན་སི་ཀི་དང་མཇལ་འཕྲད་ཀྱང་གནང་ཡོད་པ་རེད།

ཁ་སང་པོའོ་ལེནདྲ་གྱི་གྲོས་ཚོགས་ཀྱི་ཚོགས་མི་རྣམས་ལ་བཀའ་སློབ་གསུང་བཤད་སྩལ་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པོའོ་ལེནདྲ་དང་དེ་བཞིན་ཡོ་རོབ་ཀྱི་ཡུལ་གྲུ་གཞན་ཚོས་བོད་མིའི་བདེན་པའི་འཐབ་རྩོད་ཆེད་མུ་མཐུད་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་ཡང་ཞུས་གནང་མཛད་ཅིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ང་ཚོས་དང་རྒྱ་ནག་གཞུང་དབར་གྱི་གྲོས་མོལ་ནི་ཡར་རྒྱས་གང་ཡང་མེད་པར་གནས་ཡོད་པས་འདིའི་ཐད་ཁྱེད་རྣམ་པའི་ཤུགས་རྐྱེན་དང་སྣོན་ཤུགས་ནི་ཧ་ཅང་གལ་འགངས་ཆེན་པོ་ཆགས་རྒྱུ་རེད་ཅེས་བཀའ་གནང་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་པོའོ་ལེནདྲ་ཡུལ་གྱི་མཛད་འཆར་ཁག་གཟའ་པ་སངས་ཉིན་ལེགས་གྲུབ་གནང་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎