རྒྱ་ནག་གིས་བསྐྱར་སྤྱོད་རུང་བའི་ནུས་ཤུགས་གོང་སྤེལ་ཁ་ལ་ཁྱེར་ནས་བོད་ནང་གཏེར་ཁ་སྔོག་འདོན་གྱིས་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེ་གཏོང་བཞིན་པ་ཐེར་འདོན།
རྒྱ་ནག་གཞུང་གིས་འཛམ་བུ་གླིང་གི་རང་བྱུང་ཁོར་ཡུག་ལ་གནོད་ཚེ་ཉུང་བའི་ནུས་ཤུགས་(Green Energy)ཀྱི་ཚོང་ཆ་ཚང་དབང་སྒྱུར་བྱ་རྒྱུའི་དམིགས་ཡུལ་རྒྱ་ཆེན་པོ་འཛིན་བཞིན་ཡོད་ཅིང་། དེ་ལྟ་བུའི་ནུས་ཤུགས་ནི་གཙོ་བོ་ཟངས་དང་ལི་ཐི་ཡམ་སོགས་ལྕགས་རིགས་ནས་ཐོན་ཀྱི་ཡོད་པས། བོད་ནང་རིན་ཐང་ཆེ་བའི་ལྕགས་རིགས་ཀྱི་གཏེར་ཁ་སྔོག་འདོན་ཇེ་མང་དུ་གཏང་རྒྱུའི་ཉེན་ཁ་ཡོད་ལ། དེས་རྐྱེན་གྱིས་བོད་ནང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི་རྣམས་གནས་སྤོ་གཏང་རྒྱུ་མཚོན་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་མཇུག་འབྲས་གནོད་སྐྱོན་ཚབས་ཆེ་ཕོག་སྲིད་པའི་སྐོར་ཁོར་ཡུག་དང་བོད་གནས་ཉམས་ཞིབ་པ་ཁག་ཅིག་ནས་ཉེ་ལམ་སུ་ཊན་ནང་རྟེན་གཞི་བྱས་པའི་བདེ་སྲུང་དང་ཡར་རྒྱས་སྲིད་བྱུས་བསྟི་གནས་ཁང་ (Institute for Security and Development Policy)གི་ཡན་ལག་སྡེ་ཚན་(Stockholm Center for South Asian and Indo-Pacific Affairs)ཉམས་ཞིབ་བསྟི་གནས་ཁང་གིས་གོ་སྒྲིག་གནང་བའི་དྲ་ཐོག་གི་བགྲོ་གླེང་ཐོག་བློ་འཚབ་དང་བཅས་གླེང་སློང་གནང་སོང་།
དེ་ཡང་ཟླ་འདིའི་ཚེས་ ༢༡ ཉིན་དྲྭ་ཐོག་བསྐོང་ཚོགས་གནང་བའི་རྒྱ་ནག་གིས་བོད་ནང་ཚད་ལས་བརྒལ་བའི་གཏེར་ཁ་སྔོག་འདོན་གྱི་ལས་དང་འབྲེལ་བའི་ཚོགས་འདུའི་ཐོག་རྒྱ་གར་གི་མངའ་སྡེ་ཧར་ཡ་ན་རུ་རྟེན་གཞི་བྱས་པའི་ (OP Jindal Global University) གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་པོ་ཤྲི་པར་ན་པ་ཋག་ (Sriparna Pathak) ལགས་གྱིས་གསུངས་ན། ཁོར་ཡུག་ལ་གནོད་གཞི་ཆེ་བའི་མཁའ་རླུང་ནག་རྫས་ཉུང་དུ་གཏང་རྒྱུ་དང་། འགྱུར་རྡོའི་བུད་རྫས་(Fossile Fuel) ནས་ཁོར་ཡུག་ལ་གནོད་པ་ཉུང་བའི་ནུས་ཤུགས་ལ་འཕོ་འགྱུར་གཏང་རྒྱུ་ཁ་ལ་ཁྱེར་ཏེ། རྒྱ་ནག་གིས་བོད་ནང་གཏེར་ཁ་སྔོག་འདོན་ཀྱི་ལས་གཞི་རྒྱ་ཆེན་པོ་སྤེལ་བཞིན་ཡོད་ལ། ཕྱི་ལོ་ ༢༠༠༧ ལོར་རྒྱ་ནག་གཞུང་གིས་ཨ་སྒོར་ས་ཡ་ ༥༠ བཏང་ནས་ལོ་བདུན་རིང་བོད་ཀྱི་ས་ཁྱོན་ལ་ཉམས་ཞིབ་བྱས་ནས་ཟངས་ (Copper)དང་། ཏིག་ཚ།(Zinc) ཞ་ཉེ།(Lead) ཡུ་རེ་ནི་ཡམ། (Uranium) པོ་ཏ་ཤ (Potash) སོགས་ལྕགས་རིགས་དང་། གཞན་ཡང་བྷོ་རག་ (Borax) ལྟ་བུ་ལྕགས་རིགས་མིན་པའི་གཏེར་རྫས་མང་དག་ཅིག་ཡོད་པ་ཤེས་རྟོགས་བྱུང་ཡོད་ལ། ལྷག་པར་དུ་དེང་དུས་ཀྱི་གློག་གི་འཕྲུལ་ཆས་རྣམས་ལ་དགོས་མཁོ་ཆེ་བའི་ལི་ཐི་ཡམ་གྱི་མཛོད་ཆེ་ཤོས་དེ་བོད་ནང་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད། ཕྱི་ལོ་ ༢༠༢༣ ཙམ་ནས་རྒྱ་ནག་ཝུ་ཧན་ (Wuhan)གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ (China University of Geosciences) གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་པ་ཁག་ཅིག་གིས་བོད་ནང་གི་གཏེར་མཛོད་རྣམས་ངོས་འཛིན་བྱ་རྒྱུའི་ཆེད་མི་བཟོས་རིག་ནུས་ཀྱང་བེད་སྤྱོད་བྱེད་འགོ་བཙུགས་ཡོད་ཅེས་གསུངས་སོང་།
ཡང་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་སྤྱི་ཚོགས་དང་འབྲེལ་བ་ཉེ་ཞིང་། ད་ལྟའི་ཆར་ཨོ་གླིང་གནས་བཞུགས་ཉམས་ཞིབ་པ་ གྷབ་རིལ་ལ་ཕི་ཏེ་(Gabriel Lafitte) ལགས་ཀྱིས། ད་བར་ལི་ཐི་ཡམ་དང་ཟངས་ཀྱི་འབྱུང་ཁུངས་ཆེ་བ་གཞན་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཅི་ལི་(Chile) ནང་ཡོད་ཀྱང་། ད་ཆ་ཨ་རིའི་ནང་ཀྲོམ་གྱི་སྲིད་གཞུང་གསར་པ་སླེབས་ཡོད་སྟབས་གནས་སྟངས་གང་ཡང་ཆགས་སྲིད་པས། རྒྱ་གཞུང་གིས་ནུས་ཤུགས་ཆེད་རྒྱལ་ཁབ་གཞན་ལ་བརྟེན་རྒྱུ་ཉུང་ཏུ་བཏང་ནས་བོད་ནང་གཏེར་ཁ་སྔོག་འདོན་བྱེད་ཤུགས་ཆེ་རུ་གཏོང་གི་རེད་ཅེས་གསུངས་སོང་། དེ་དང་འབྲེལ་ཏེ་ཐེ་ཝན་དུ་གནས་སྡོད་བྱེད་མཁན་ (Institute for Security and Development Policy) བསྟི་གནས་ཁང་གི་ཉམས་ཞིབ་པ་སུ་ཛ་ཨ་ན་ (Zsuzsa Anna Ferenczy) ལགས་ཀྱིས་ལས་གཞི་འདི་དག་བརྒྱུད་ནས་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་ལས་ཀ་སྤྲོད་པ་དང་། སྤྱི་ཚོགས་འཚོ་བའི་གནས་སྟངས་ཡར་རྒྱས་བཏང་སྟེ། མང་ཚོགས་ལ་ཕན་ནུས་ཆེན་པོ་ཡོད་ཚུལ་ཤོད་ཀྱི་ཡོད་ཀྱང་། དོན་དངོས་སུ་དམངས་ཀྱི་ཁེ་ཕན་ལ་དམིགས་མེད་པ་གསལ་པོ་རེད་ཅེས་གསལ་བཤད་གནང་ཡོད།
དེའི་ཐད་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས། རྒྱ་ནག་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཁ་ལ་འཁྱེར་ནས་ས་ཆ་བཙན་འཕྲོག་དང་། འབྲོག་པ་གནས་སྤོ་བྱ་རུ་འཇུག་པ། དེ་མ་ཟད་གཏེར་ཁ་སྔོག་འདོན་ལས་གཞི་ཕལ་ཆེ་བ་འབྲི་ཆུ་དང་། ཡར་རླུང་གཙང་པོ། རྫ་ཆུ་སོགས་ཨེ་ཤི་ཡའི་རྒྱུག་ཆུ་ཆེ་ཁག་གི་ཉེ་འགྲམ་དུ་སྤེལ་བཞིན་ཡོད་པས། དེ་ལ་བརྟེན་ནས་གཙང་ཆུ་འབགས་བཙོག་ཅན་དུ་གྱུར་ཏེ། ཡུལ་མི་དང་གཙང་ཆུའི་མར་རྒྱུད་དུ་གནས་པའི་མི་མང་གི་འཚོ་བར་དོ་ཕོག་འགྲོ་གི་ཡོད་པ་གསུངས་སོང་།
དེ་བཞིན་བློ་བཟང་ལགས་ཀྱིས་བློ་འཚབ་ཆེ་བའི་གནད་དོན་གཞན་ཞིག་གསལ་སྟོན་གནང་བའི་ནང་། གཏེར་ཁ་སྔོག་འདོན་གྱི་ཚོང་ལས་གཉེར་མཁན་ཚོས་རྒྱ་མི་དཔོན་རིགས་རྣམས་ལ་ལྐོག་རྔན་སྤྲད་ནས་ཡུལ་མི་རྣམས་ཀྱི་བདེ་འཇགས་ལ་སྣང་མེད་ཀྱིས་གཏེར་ཁ་སྔོག་འདོན་མ་བྱས་གོང་ས་གཞི་ཁོར་ཡུག་སོགས་ལ་ཉམས་ཞིབ་མ་བྱས་པར་ཆོག་ཆན་སོགས་ལེན་ཀྱི་ཡོད་ལ། ད་དུང་རྒྱ་ནག་གི་དམ་དྲག་ལ་བརྟེན་བོད་ནང་གཏེར་ཁ་སྔོག་འདོན་དང་འབྲེལ་བའི་གནས་ཚུལ་ཆ་ཚང་བ་རག་རྒྱུ་ཁག་པོ་ཡོད་སྐོར་གསུངས་སོང་།
བློ་བཟང་དབྱངས་མཚོ་ལགས་ཀྱིས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་། ཁོར་ཡུག་ཉམས་ཞིབ་པ་དང་ཁོར་ཡུག་ལས་འགུལ་བ་ཧ་ཅང་ཉུང་བའི་རྐྱེན་གྱིས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཐོན་ཐུབ་ཀྱི་མེད་སྐོར་དང་། དེ་མཚུངས་ཤྲི་པར་ན་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱུན་དུ་བོད་ཀྱི་ཁོར་ཡུག་དང་། གཏེར་ཁ་སྔོག་འདོན་སོགས་ལ་དོ་སྣང་དེ་ཙམ་སྤྲོད་ཀྱི་མེད་ལ། སྟབས་མ་ལེགས་པ་ཞིག་ལ་བོད་འདི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གནང་གི་མེད་པ་མ་ཟད། རྒྱ་ནག་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་འཐུས་མི་ཞིག་ཡིན་པས་མཉམ་འབྲེལ་རྒྱལ་ཚོགས་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་རོགས་སྐྱོར་བྱེད་པའི་རེ་བ་སྟོང་ཟད་ཡིན་པ་གསུངས་སོང་།
ཁོར་ཡུག་གཏོར་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འགལ་སྣང་།
བོད་དོན་ཉམས་ཞིབ་པ་གྷབ་རིལ་ལ་ཕི་ཏེ་(Gabriel Lafitte) ལགས་ཀྱིས། འཛམ་གླིང་འགྱུར་རྡོའི་འབུད་རྫས་ནས་རང་བྱུང་ཁོར་ཡུག་ལ་གནོད་པ་ཉུང་བའི་ནུས་ཤུགས་(Green Energy)ལ་འཕོ་འགྱུར་འགྲོ་བཞིན་པའི་སྐབས་འདིར་བོད་ཀྱི་ཁོར་ཡུག་ལ་གྱོང་རྒུད་ཐད་ཀར་ཐེབས་ཉེན་ཡོད་པ་དང་། དེང་སང་གློག་ཤུགས་འཕྲུལ་ཆས་ཡིན་པ་ཙམ་གྱིས་ཁོར་ཡུག་ཉམས་རྒུད་ཀྱི་དཀའ་ངལ་སེལ་ངེས་ཡིན་པའི་བསམ་ཚུལ་འདི་ནོར་གྱི་ཡོད་ཅེས་གསལ་སྟོན་གནང་སོང་། དེ་མཚུངས་Scotland དུ་ཡོད་པའི་(University of Aberdeen) གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་པོ་མར་ཊིན་(Martin A. Mills) ལགས་ཀྱིས་དེང་དུས་འགྱུར་རྡོའི་འབུད་རྫས་ནས་གློག་ཤུགས་ལ་སྤོས་ཡོད་ནའང་། གློག་ཤུགས་བཀོལ་སྤྱོད་ཚད་ལས་བརྒལ་བ་བྱེད་ན་འགྱུར་རྡོའི་འབུད་རྫས་བེད་སྤྱོད་བྱེད་པ་གནོད་པ་གཅིག་མཚུངས་སམ་ཡང་ན་དེ་ལས་ཚབས་ཆེ་བ་ཡོང་སྲིད་པ་གསུངས་སོང་།
སྤྱིར་རྒྱ་ནག་གིས་འཛམ་གླིང་ཡོངས་ཀྱི་ཉི་འོད་གློག་རྫས་བརྒྱ་ཆ་ ༨༠ ལྷག་དང་། ལི་ཐི་ཡམ་གློག་རྫས་བརྒྱ་ཆ་ ༥༠ ལྷག་རྒྱལ་ཁབ་ཕྱི་ལ་གཏོང་གི་ཡོད་པ་མ་ཟད། གློག་ཤུགས་རླངས་འཁོར་བརྒྱ་ཆ་ ༢༠ ལྷག་ཕྱིར་བཙོང་གི་ཡོད་པའི་ཁར། ཡོ་རོབ་ལ་དགོས་མཁོ་ཆེ་བའི་གོ་ལའི་ཆེས་དཀོན་པའི་ཁམས་རྫས་ (Rare Earth Elements)བརྒྱ་ཆ་ ༩༨ དང་། ལི་ཐི་ཡམ་གློག་རྫས་བརྒྱ་ཆ་ ༩༧ རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པས། ཡུ་རོབ་སྤྱི་ཡོངས་རྒྱ་ནག་ལ་ཤུགས་ཆེན་པོ་བརྟེན་ནས་བསྡད་ཡོད་པ་ཉམས་ཞིབ་པ་སུ་ཛ་ཨ་ན་ (Zsuzsa Anna Ferenczy) ལགས་ཀྱི་གསུངས་སོང་།
ཚོགས་འདུའི་མཐའ་སྡོམ་དུ་ཚོགས་བཅར་བ་ཐུན་མོང་ནས་རྒྱ་ནག་ནི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཤུགས་རྐྱེན་ཆེ་ཞིང་། གཏེར་ཁ་སྔོག་འདོན་དང་། གཞན་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཆེ་བའི་འཛུགས་སྐྲུན་ལས་གཞི་རྣམས་བཀག་སྡོམ་བྱ་རྒྱུ་དཀའ་བས། བོད་དང་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་རྒྱལ་ཁབ་ཁག་གི་རེ་འབོད་ལ་རྒྱ་ནག་གིས་མཇུག་སྐྱོང་བྱ་རྒྱུ་རེ་བ་ཧ་ལམ་མེད་པ་མགྲིན་གཅིག་ཏུ་བསྒྲགས་སོང་།
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།