རྒྱལ་སྤྱིའི་ཨད་ཙི་ཉིན་མོ་དང་འབྲེལ་བའི་གནས་ཚུལ་ཐོན་པ།
2008.12.01
༄༅༎རྒྱ་ནག་ནང་ཡོད་པའི་ཨད་ཙི་ནད་གཞིར་འཐབ་རྩོད་བྱེད་མཁན་ཚོས་ཨད་ཙི་ནད་གཞི་ཕོག་མཁན་ཚོར་ནད་གཞི་དེས་རྐྱེན་པས་རང་ཉིད་ཀྱི་ལུས་སེམས་གཉིས་ཀར་དཀའ་ངལ་འཕྲད་བཞིན་པའི་གནས་སྟངས་དེ་སེལ་རྒྱུར་སློབ་གསོའི་ཐབས་ལམ་ཐོག་ནས་འཐབ་རྩོད་བྱ་རྒྱུའི་སློབ་སྟོན་དགོས་པ་གསུང་གི་ཡོད་འདུག
དེ་ཡང་དེ་རིང་ནི་རྒྱལ་སྤྱིའི་ཨད་ཙི་ཉིན་མོ་ཡིན་ཞིང་རྒྱ་ནག་ནང་ཡོད་པའི་དམངས་ཁྲོད་ཀྱི་ཨད་ཙི་ནད་གཞིའི་ཐོག་གདོང་ལེན་འཐབ་རྩོད་ལས་འགུལ་སྤེལ་མཁན་ཚོས་ཨད་ཙི་ནད་གཞི་འགོག་ཐབས་ལས་དོན་སྤེལ་གྱི་ཡོད་པར་རྒྱ་ནག་གཞུང་ཕྱོགས་ནས་ཡིད་ཆེས་བྱེད་ཀྱི་མེད་པའི་སྐོར་ཨད་ཙི་ནད་གཞི་འགོག་ཐབས་ལས་དོན་སྤེལ་མཁན་ཚོས་གཟའ་ཟླ་བའི་ཉིན་འགྲེལ་བརྗོད་གནང་ཡོད་པ་དང་ཨད་ཙི་ནད་གཞི་འགོག་ཐབས་ལས་དོན་སྤེལ་མཁན་ཚོས་གསུང་ན་རྒྱལ་ཁབ་མང་པོ་ཞིག་ནང་ད་དུང་ཡང་ཨད་ཙི་ནད་གཞི་དེ་ཡང་སྲིད་དོན་བཞིན་ཚོར་བ་རྣོ་བའི་གནད་དོན་ཞིག་ཡིན་པར་བརྟེན་ནད་གཞི་དེ་རིགས་སྔོན་འགོག་ལས་དོན་སྤེལ་རྒྱུར་འགོག་རྐྱེན་འཕྲད་ཀྱི་ཡོད་པའི་སྐོར་རྒྱ་ནག་གི་ཁྲིམས་རྩོད་པ་དང་ཨད་ཙི་ནད་གཞིའི་སྔོན་འགོག་ལས་དོན་སྤེལ་མཁན་ལིའི་ཕང་ཏུང་གིས་འགྲེལ་བརྗོད་གནང་བཞག ཁོང་གིས་མུ་མཐུད་གསུང་བར་རྒྱ་ནག་ནང་ཨད་ཙི་ནད་གཞི་ཕོག་མཁན་ཚོར་སྨན་ཁང་ནས་སྨན་བཅོས་ཀྱི་མཐུན་རྐྱེན་སྤྲོད་ཀྱི་མེད་པའི་རྐྱེན་གྱིས་ནད་གཞི་དེ་རིགས་ཕོག་པའི་ནད་པ་མང་པོ་རྐྱེན་འདས་སུ་འགྲོ་གི་ཡོད་པ་གསུང་བཞག ཡང་ཨད་ཙི་ནད་གཞི་འགོག་ཐབས་ལས་དོན་སྤེལ་མཁན་ལིའི་ཏན་གྱིས་སྤྱི་ཚོགས་ནང་ཨད་ཙི་ནད་གཞིའི་སྐོར་སློབ་སྟོན་བྱེད་ཡས་འདེངས་ཀྱི་མེད་པར་བརྟེན་ནས་ནད་གཞི་དེ་རིགས་སྔོན་འགོག་ལས་དོན་འཐུས་སྒོ་ཚང་བ་སྤེལ་ཐུབ་ཀྱི་མེད་པ་དང་མི་མང་པོས་ད་དུང་ཡང་ཨད་ཙི་ནད་འབུ་ཡོད་པའི་ཕྲུ་གུ་དང་མཉམ་དུ་རང་ཉིད་ཀྱི་བུ་ཕྲུག་སློབ་གྲྭ་གཅིག་ནང་གཏོང་རྒྱུར་ཞེད་སྣང་བྱེད་ཀྱི་ཡོད་པ་གསུང་བཞག