བུད་མེད་ཚོས་བཙན་གཡེམ་སོགས་ལ་གདོང་ལེན་བྱེད་སྟངས་ཀྱི་ཟབ་སྦྱོང་།
2015.08.25

སྐྱེས་པ་ཚོས་བུད་མེད་ལ་བཙན་གཡེམ་བྱེད་པ་སོགས་ཀྱི་བྱ་སྤྱོད་འགོག་ཐབས་སུ་དམིགས་པའི་བེུད་ཀྱི་ནུས་ཤུགས་གོང་འཕེལ་གཏོང་ཐབས་ཀྱི་སྦྱོང་བརྡར་གནང་བ།
དེ་རིང་ཚེས་༢༥ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བེུད་ལ་བཙན་གཡེམ་སོགས་ཆགས་སྲེད་ཀྱི་བྱ་སྤྱོད་རིགས་ལ་བེུད་ཚོས་གདོང་ལེན་བྱ་ཐབས་ཀྱི་སྦྱོང་བརྡར་བཞུགས་སྒར་རྡ་རམ་ས་ལའི་སྣེ་ལེན་ཁང་རྙིང་པའི་ནང་གི་བོད་ཀྱི་ལག་ཤེས་ལྟེ་གནས་ཁང་དུ་། ཕྱི་ཟླ་བརྒྱད་པའི་ཚེས་༢༠ཉིན་བསྐོང་ཚོགས་གནང་ཞིང་། སྦྱོང་བརྡར་དེའི་ནང་ཞུགས་མཁན་ལས་རིགས་མི་འདྲ་བ་ཁག་ཅིག་གི་ཁུངས་སོ་སོ་ནས་སྦྱོང་བརྡར་བ་དང་ལས་བྱེད་པ་བཅས་ཁྱོན་མི་གྲངས་༢༥ལྷག་ཞུགས་ཡོད་པ་རེད།
ད་རེས་ཀྱི་སྦྱོང་བརྡར་དེའི་དམིགས་ཡུལ་ནི་བཙན་བྱོལ་བོད་པའི་བེུད་དང་སྐྱེས་པ་ཚོའི་ཁྲོད་དུ་ཚུལ་མིན་གྱི་འཁྲིག་སྤྱོད་རིགས་ཀྱི་ཤེས་བྱ་ཁག་ངོ་སྤྲོད་བྱེད་པ་དེ་ཡིན་ཞིང་། དཔེར་ན་ཚུལ་མིན་གྱི་འཁྲིག་སྤྱོད་ཟེར་བ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་མེད་དང་། ཚུལ་མིན་གྱི་འཁྲིག་སྤྱོད་དེ་རིགས་འགོག་ཐབས་དང་གདོང་ལེན་བྱ་ཐབས་ལ་ཁྲིམས་མཐུན་གྱི་ལས་གཞི་ལག་བསྟར་བྱེད་སྟངས། ཚུལ་མིན་གྱི་འཁྲིག་སྤྱོད་རིགས་ལ་ལུས་སེམས་གཉིས་ཐད་ནས་གདོང་ལེན་བྱེད་སྟངས་སོགས་ཀྱི་སྐོར་ངོ་སྤྲོད་དང་སྦྱོང་བརྡར་སྤྲད་ཡོད་པ་རེད།
ད་རེས་ཀྱི་སྦྱོང་བརྡར་ནང་དུ་ཞུགས་མཁན་ཚོས་། བེུད་གང་ཞིག་གིས་ཚུལ་མིན་གྱི་འཁྲིག་སྤྱོད་ཟེར་བ་ངོས་འཛིན་མ་ཐུབ་མཁན་ཚོར་སྦྱོང་བརྡར་དགོས་ངེས་ཅན་དེ་ལྟ་བུ་མ་འོངས་པར་གོ་བསྒྲིགས་ཞུ་དགོས་གལ་ཆེ་བ་དང་། ད་རེས་ཀྱི་སྦྱོང་བརྡར་དེའི་ཐོག་ནས་ཚུལ་མིན་འཁྲིག་སྤྱོད་ཟེར་བ་གང་འདྲ་ཞིག་ལ་གོ་དགོས་པའི་རྒྱུ་མཚན་རྣམས་ཤེས་རྟོགས་ཐུབ་པ་བྱུང་མ་ཟད་། མ་འོངས་པར་ཚུལ་མིན་འཁྲིག་སྤྱོད་དེ་རིགས་སྔོན་འགོག་དང་གདོང་ལེན་བྱ་ཕྱོགས་ཀྱི་གནས་ཚུལ་རྣམས་ལེགས་པོ་ཤེས་ཐུབ་པའི་དགེ་མཚན་ཆེན་པོི་བྱུང་ཡོད་ལུགས་བཀོད་ཡོད་པ་རེད། ལྷག་པར་དུ་སྦྱོང་བརྡར་དེ་ཡིས་ཁོང་ཚོའི་མིག་ཁ་ཕྱེ་བ་ལྟ་བུའི་ཕན་ཐོགས་ཆེན་པོ་བྱུང་ལུགས་གཅིག་གྱུར་གྱིས་བསམ་ཚུལ་ཤོད་མཁན་བྱུང་ཡོད་ལུགས་བཀོད་ཡོད་པ་རེད།
དེ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ནས་བེུད་ཀྱི་ཐོག་ལ་སྐྱེས་པ་ཚོས་ཆགས་སྤྱོད་ལམ་ནས་བརྙས་བཅོས་སམ་སུན་གཙིར་བཟོ་བའི་བྱ་སྤྱོད་འགོག་ཐབས་སུ་དམིགས་པའི་བེུད་ཀྱི་ནུས་ཤུགས་གོང་འཕེལ་གཏོང་ཐབས་ཀྱི་སྦྱོང་བརྡར་ཞིག་གོ་བསྒྲིགས་གནང་བ་ཡིན་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།