གློ་ནད་ངོས་འཛིན་དང་སྨན་བཅོས་ཐད་སྦྱོང་བརྡར་གནང་འདུག
2017.02.14
འཕྲོད་བསྟེན་ལས་ཁང་གིས་ས་གནས་སྨན་པ་དང་འབྲེལ་ཡོད་ལས་བྱེད་ཚོར་གློ་ནད་ཀྲཱི་སྦཱི་ངོས་འཛིན་ཕྱོགས་དང་སྨན་བཅོས་བྱ་ཕྱོགས་སོགས་སྦྱོང་བརྡར་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ཚན་པའི་སྤྱི་ཚོགས་ལས་རིགས་ཚན་པའི་བཀོད་སྒྲིག་འོག སྤྱི་ཚེས་༡༣་ནས་༡༤་བཅས་ཉིན་གྲངས་གཉིས་ཀྱི་རིང་ལ། བོད་མིའི་བཞུགས་སྒར་གྱི་ལྟེ་གནས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བཙན་བྱོལ་བོད་མིའི་འདུས་སྡོད་ཀྱི་ས་གནས་ཁག་ཅིག་གི་འཕྲོད་བསྟེན་སྨན་པ་དང་། རྩིས་པ་སོགས་འབྲེལ་ཡོད་ལས་བྱེད་ཁག་ཅིག་ལ་བོད་མིའི་སྤྱི་ཚོགས་སུ་གློ་ནད་ཀྲཱི་སྦཱི་་ངོས་འཛིན་གནང་ཕྱོགས་དང་སྨན་བཅོས་ཀྱི་སྐོར་ནས་སྦྱོང་བརྡར་གནང་བཞིན་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁང་གི་སྤྱི་ཚོགས་ཚན་པའི་འགན་འཛིན་སྨན་པ་བློ་བཟང་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་དོན། ཐེངས་འདིའི་ལས་གཞི་དེ་ནི་རྒྱ་གར་གློ་ནད་སྡེ་ཚན་གྱི་རོགས་སྐྱོར་འོག་རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་ལྔ་དང་། དབུས་གཞིས་ཆགས་ཁག་གསུམ། བྱང་ཤར་གཞིས་ཆགས་ཁག་དང་རྡེ་ར་ལྡུན་གཞིས་ཆགས་ཁག་བཅས་ཁྱོན་བསྡོམས་གཞིས་ཆགས་ཁག་བཅོ་ལྔ་མཉམ་རུབ་བྱས་ནས་སྨན་པ་དང་། སྨན་ཞབས་པ། རྩིས་པ་བཅས་ལ་གཙོ་བོ་ཀྲཱི་སྦཱི་ཞེས་པ་གློ་ནད་དང་དེའི་སྨན་བཅོས་སོགས་ཀྱི་སྐོར་ལ་ཟབ་ཁྲིད་གནང་ཡོད་པའི་སྐོར་གསུངས་ཡོད་འདུག
གསར་འགོད་པ་ཀེ་ཐོ།