རྩོམ་པ་པོ་ཚེ་རིང་འོད་ཟེར་ལ་གཟེངས་བསྟོད་བྱ་དགའ།
2011.09.06
༄༅༎རྒྱ་ནག་ཏུ་བཞུགས་པའི་བོད་ཀྱི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་སུ་རྒྱལ་སྤྱིའི་པི་རིན་སི་ཀོ་ལོ་སེ་ཞེས་པའི་བྱ་དགའ་ཐོབ་ཡོད་པའི་སྐོར་དེ་རིང་དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག
འདི་ལོའི་པི་རིན་སི་ཀོ་ལོ་སེ་(Prince Clause)ཞེས་པའི་བྱ་དགའ་གནང་མཁན་དེ་ནི། ཡོ་རོབ་ཡུལ་གྲུའི་ཧོ་ལེནདྲ་གྱི་རྒྱལ་ས་ཨམ་སེ་ཊར་ཊམ་ནང་དུ་ཡོད་པའི་པི་རིན་སི་ཀོ་ལོ་སེ་ཞེས་པའི་ཐེབས་རྩ་ཁང་དེ་ཡིན་ཞིང༌། ཐེབས་རྩ་ཁང་དེ་ནས་ལོ་ལྟར་བཞིན་ཨེ་ཤི་ཡ་དང༌། ཨ་ཕེ་རི་ཀ། ལྷོ་ཨ་མི་རི་ཀ། དེ་བཞིན་ཁེ་ར་སྦེ་ཡན་སོགས་ཀྱི་ནང་དུ་ཡོད་པའི་ཚོགས་པ་བྱེ་བྲག་པ་དང༌། མི་སྒེར་གྱི་ངོས་ནས་རིག་གཞུང་སྲུང་སྐྱོབ་ཆེད་དུ་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་ལ་བྱ་དགའ་དེ་འབུལ་གྱི་ཡོད་པ་རེད། ད་རེས་ཕྱི་ཟླ་དགུ་པའི་ཚེས་ལྔ་ཉིན་ཐེབས་རྩ་ཁང་དེ་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། པེ་ཅིང་དུ་བཞུགས་པའི་བོད་ཀྱི་བེུད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས། ད་ལྟའི་བོད་ནང་གནས་སྟངས་རྩོམ་ཡིག་ལམ་ནས་གོ་རྟོགས་སྤེལ་ཐུབ་པའི་ཕྱག་ལས་ལ་བྱ་དགའ་དེ་ཕུལ་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་ཞེས་དང༌། ཡོ་རོབ་ཁུལ་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་འགན་འཛིན་ཚེ་རིང་བྱམས་པ་ལགས་ཀྱིས་ཀྱང༌། ཚེ་རིང་འོད་ཟེར་ལགས་ཀྱིས་རྩོམ་ཡིག་ཀྱི་ལམ་ནས་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་པའི་བྱ་སྤྱོད་ལ་དངོས་སུ་སྐྱོན་བརྗོད་གནང་མཁན་ཞིག་ཡིན་པར་བརྟེན། བྱ་དགའ་དེ་ཁོང་ལ་ཐོབ་པ་དེ་ནི་འོས་ཤིང་འཚམ་པ་ཞིག་རེད་ཅེས་དང༌། བྱ་དགའ་དེ་ཕུལ་རྒྱུའི་ཉིན་མོ་དེ་ནི་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་སྤྱིའི་དཔེ་དེབ་ཀྱི་དུས་ཆེན་ཐེངས་༡༨ པ་འཁེལ་ཡོད་པར་བརྟེན། གོ་སྐབས་དེ་བཟུང་སྟེ། ཧོ་ལེནདྲ་དུ་ཡོད་པའི་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་དང༌། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་གཉིས་ནས་ད་ལྟ་རྒྱ་མིའི་བཙོན་དུ་ཡོད་པའི་བོད་ཀྱི་རྩོམ་པ་པོ་རྣམས་འཕྲལ་དུ་གློད་འགྲོལ་ཡོང་ཐབས་སུ་རོགས་རམ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།