རྒྱ་ནག་གཞུང་གིས་རྒྱ་ནག་ནང་དྲ་ཐོག་གི་ཤེས་བྱ་ཀུན་ཁྱབ་ཚིག་མཛོད་བཀག་འདུག
2019.05.15
རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཝི་ཀེ་པི་ཌི་ཡ་(Wikipedia)་ཞེས་པའི་དྲ་ལམ་གྱི་ཤེས་བྱ་ཀུན་ཁྱབ་ཚིག་མཛོད་བྱེད་སྤྱོད་བྱ་རྒྱུ་བཀག་སྡོམ་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་པེ་ཅིན་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་དམངས་གཙོའི་ལས་འགུལ་ལ་གཞུང་ཕྱོགས་ནས་དྲག་གནོན་བྱས་ཏེ་ལོ་ངོ་༣༠་འཁོར་བའི་དུས་དྲན་གོང་། རྒྱ་ནག་ནང་ཝི་ཀེ་པི་ཌི་ཡ་ (Wikipedia)་ཞེས་པའི་དྲ་ལམ་གྱི་ཤེས་བྱ་ཀུན་ཁྱབ་ཚིག་མཛོད་སྐད་ཡིག་མི་འདྲ་བའི་ནང་ཡོད་པ་ཚང་བ་བེད་སྤྱོད་བྱ་རྒྱུ་བཀག་སྡོམ་བྱས་འདུག
ཝི་ཀེ་པི་ཌི་ཡ་(Wikipedia)ཞེས་པའི་ཤེས་བྱ་ཀུན་ཁྱབ་ཚིག་མཛོད་ཐེབས་རྩ་ཁང་གི་འགན་འཛིན་ནས་དྲ་རྒྱ་བརྒྱུད་གསལ་བསྒྲགས་སྤེལ་ཡོད་པའི་ནང་། ད་ལོ་ཕྱི་ཟླ་བཞི་པའི་ཟླ་མཇུག་ཙམ་ནས་ཝི་ཀེ་པི་ཌི་ཡ་ (Wikipedia)རྒྱ་ནག་ནང་བེད་སྤྱོད་ཐུབ་ཀྱི་མེད་པ་རྒྱ་ནག་གི་དྲ་རྒྱ་བེད་སྤྱོད་བྱེད་མཁན་ཚོས་དྲ་རྒྱའི་ཐོག་སྐྱོན་བརྗོད་བྱེད་བཞིན་པ་གསུངས་འདུག སྤྱིར་བཏང་རྒྱ་ནག་གཞུང་གིས་ངོ་དེབ་དང་། ཁྲུ་ཀྲར། ཨིནྀ་ཊ་གྷརཱམ་སོགས་སྤྱི་ཚོགས་དྲ་རྒྱ་ཁག་དུས་ཡུན་རིང་པོའི་རིང་རྒྱ་ནག་ནང་བེད་སྤྱོད་བྱ་རྒྱུ་བཀག་སྡོམ་བྱེད་བཞིན་ཡོད་ཅིང་། ཉེ་ཆར་བར་རྒྱ་ནག་ནང་རྒྱུན་དུ་ཝི་ཀེ་པི་ཌི་ཡ་(Wikipedia)ཤེས་བྱའི་ཀུན་ཁྱབ་ཚིག་མཛོད་ཚད་འཛིན་གྱི་ཐོག་ནས་བེད་སྤྱོད་ཐུབ་ཀྱི་ཡོད་ཀྱང་། དཔེར་ན་ཚིག་མཛོད་དེའི་ནང་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་གནད་དོན་དང་། བོད་ཀྱི་གནད་དོན་སོགས་བཀོད་པའི་གནས་ཚུལ་རིགས་རྒྱ་ནག་གིས་བཀག་སྡོམ་བྱེད་བཞིན་ཡོད་པ་རེད།
རྒྱན་ག་གཞུང་གིས་ཝི་ཀེ་པེ་ཌི་ཡའི་དྲ་རྒྱ་ཡོངས་སུ་བཀག་འགོག་བྱས་པའི་རྒྱུ་མཚན་ད་བར་གསལ་བཤད་གང་ཡང་བྱས་མེད་ལ། གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་དྲ་རྒྱ་དེ་བཀག་སྡོམ་གྱི་ལས་འཆར་འདི་ཆབ་སྲིད་དང་འབྲེལ་བའི་ཚོར་བ་རྣོ་བའི་དུས་ཚིགས་ཤིག་ཟིན་གྲབས་ཡོད་སྟབས་བཟོས་པ་ཞིག་ཡིན་ནམ་ཡང་ན་ད་ནས་བཟུང་བརྟན་དུ་བཀག་འགོག་བྱེད་མིན་ཚོད་དཔག་མི་ཐུབ་པ་ཞིག་ཡིན་པ་བརྗོད་བཞིན་ཡོད་པ་རེད།