རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཡར་རྒྱས་ཕྱིན་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་པར་བོད་མིའི་སྒྲིག་འཛུགས་ཀྱིས། དེ་ནི་རྒྱ་ནག་གིས་རྫུན་བསྒྲགས་བསྐྱར་བཤད་ཙམ་ཡིན་པ་འགྲེལ་བརྗོད་གནང་གི་འདུག

2025.03.28
རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཡར་རྒྱས་ཕྱིན་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་པར་བོད་མིའི་སྒྲིག་འཛུགས་ཀྱིས། དེ་ནི་རྒྱ་ནག་གིས་རྫུན་བསྒྲགས་བསྐྱར་བཤད་ཙམ་ཡིན་པ་འགྲེལ་བརྗོད་གནང་གི་འདུག བོད་སྐད་དང་རྒྱ་སྐད། ཨིན་སྐད་བཅས་སུ་པར་སྐྲུན་ཞུས་པའི་དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན་ཞེས་པའི་རྒྱབ་ཤ་དཀར་པོའི་མདུན་ངོས། ༢༠༢༥།༠༣།༢༨ ཉིན།
(Source: Xinhua/Jigme Dorje)

ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༨ ཉིན་རྒྱ་ནག་གཞུང་གིས་བོད་ནང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་སྐོར་གྱི་དུས་དྲན་སྲུང་བརྩི་ཞུས་པ་དང་བསྟུན། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་ཟེར་བས། དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ (‘White Paper on Human Rights in Tibet in the New Era’) བཏོན་ཏེ། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མི་མང་བདེ་སྐྱིད་ཡར་རྒྱས་ཕྱིན་སྐོར་སོགས་ཤུགས་ཆེར་བསྒྲགས་འདུག་ལ། དེ་འབྲེལ་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ། ཉམས་ཞིབ་པ་ཁག་གཅིག་གིས། དེ་ནི་རྒྱ་ནག་གིས་རྫུན་བསྒྲགས་བསྐྱར་བཤད་ཙམ་ཡིན་པ་རེད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གིས་ད་ལྟའང་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་ནི་ང་ཚོས་ཞུས་མི་དགོས་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལྟེ་ཁང་སོགས་ཀྱིས་དེ་འབྲེལ་སྙན་ཐོ་ཞིག་ཀྱང་འདོན་སྤེལ་གནང་གི་ཡོད་ལ། ང་ཚོས་བོད་ཅེས་པ་ནི་བོད་ཆོལ་ཁ་གསུམ་མཉམ་འདུས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོ་ཟེར་བ་དེའི་ནང་བོད་རང་སྐྱོང་ལྗོངས་ཁོ་ན་བོད་ཡིན་པར་ངོས་འཛིན་བྱས་ཡོད་པ་ནི་དངོས་ཡོད་གནས་ཚུལ་དང་འགལ་བས། གང་ལྟར་གཞུང་གིས་འཛུགས་སྐྲུན་སོགས་ལ་ཁ་གཡར་ཏེ་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་ཡར་རྒྱས་བཏང་གི་ཡོད་སྐོར་འགྲེལ་བརྗོད་བྱེད་བཞིན་ཡོད་ཀྱང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཅེས་པ་དངོས་ནི། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་སྲུང་སྐྱོབ་བྱེད་པ་དེ་ཡིན་པས། རྒྱ་ནག་གཞུང་ནས་ཕྱིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་གསར་འགོད་པ་རྣམས་རང་དབང་ལྡན་པའི་སྒོ་ནས་བོད་ནང་འགྲོ་སྐྱོད་བཅུག་དགོས་ཞེས། འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

WhatsApp Image 2025-03-29 at 2.00.38 AM-2.jpeg
དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འདོན་སྤེལ་སྐབས། ༢༠༢༥།༠༣།༢༨ ཉིན།

གཞན་ཡང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ (Human Rights Watch) རྒྱ་ནག་སྡེ་ཚན་གྱི་ལས་འཕར་འགན་འཛིན་མཱ་ཡ་ཝང་ (Maya Wang) ལགས་ཀྱིས། ལོ་བཅུ་ཕྲག་གཉིས་གོང་ནས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་རྩ་མེད་དུ་གཏོང་བའི་སྲིད་བྱུས་འོག བོད་ནང་གི་བོད་མི་རྣམས་ལ་དམ་དྲག་ཤུགས་ཆེ་བྱས་ཡོད་ཀྱང་། ཐེངས་འདིར་རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོའི་དེབ་དེའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་བཞིན་ཡོད་པ་བསྒྲགས་ཡོད་པ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་སྡེ་ཁག་དང་བཙན་བྱོལ་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་ཚད་མཐོའི་རྡོག་རོལ་གཏོང་བཞིན་པའི་ཐད་བསྟུད་མར་སྙན་ཐོ་སོགས་སྟོན་པ་རྣམས་དང་འགལ་ཟླར་འགྲོ་ཡི་ཡོད་ཅེས་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་རང་དབང་ཅན་གྱི་ཉམས་ཞིབ་པ་རྣམས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་སྐོར་ཤེས་རྟོགས་མི་ཐུབ་ཆེད། བོད་རང་སྐྱོང་ལྗོངས་ཟེར་བ་དང་བོད་པའི་ས་ཁུལ་གཞན་ཁག་ཏུ་རང་དབང་ལྡན་པའི་སྒོ་ནས་བསྐྱོད་པར་བཀག་འགོག་བྱེད་ཀྱི་ཡོད་པས། ང་ཚོས་རྒྱ་ནག་གཞུང་ལ་བོད་ནང་དུ་རང་དབང་ལྡན་པའི་སྒོ་ནས་འགྲོ་བསྐྱོད་ཆོག་པ་དང་བོད་ནང་གི་བོད་མི་རྣམས་ལ་ཚད་མཐོའི་གནའ་གནོན་མི་བྱ་རྒྱུའི་ནན་བརྗོད་བྱ་རྒྱུ་ཡིན་ཞེས་གསུངས་བྱུང་།

ཐེངས་འདིར་རྒྱ་ནག་གཞུང་འབྲེལ་གྱིས་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་ (China’s White Paper on Tibet) ཅེས་པའི་ནང་། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱབ་པས། བོད་མི་ཚོའི་སྤྱི་དམངས་ཀྱི་ཁེ་དབང་དང་། ཆབ་སྲིད་ཀྱི་ཁེ་དབང་། དེ་བཞིན་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་མཐུན་སྦྱོར་ངང་གོང་འཕེལ་གཏོང་བ་བཅས་བྱས་ཏེ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད་སྐོར་བསྒྲགས་འདུག

དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་ཡོ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ཀྱིས། ད་བར་རྒྱ་ནག་གཞུང་གིས་རིམ་པར་སྤེལ་བའི་རྒྱབ་ཤ་དཀར་པོའི་དེབ་ཀྱི་ནང་དོན་ཆ་ཚང་དྲང་ལྡན་མ་ཡིན་པར། རྒྱལ་སྤྱིའི་སྟེང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་སྐྱོན་བརྗོད་དང་དངོས་ཡོད་གནས་ཚུལ་ཐེར་འདོན་བྱེད་བཞིན་པར་ཁ་གཏད་གཅོག་ཆེད་དང་འཁྱོག་བརྗོད་དྲིལ་བསྒྲགས་བྱེད་ཆེད་དུ་ཡིན་ཡང་། དེབ་དེ་དག་གིས་ནུས་པ་གང་ཡང་ཐོན་གྱི་མེད་ཅིང་། རྒྱལ་སྤྱིའི་ཁྲོད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཡིན་པ་གསལ་པོ་རེད་ཅེས་དང་། དེབ་དེའི་ནང་བཤད་པའི་མང་གཙོ་དང་ཁྲིམས་མཐུན་གྱི་འགྲོ་བ་མིའི་ཐོབ་ཐང་ནི་བོད་ནང་དུ་ལྟ་ཞོག་རྒྱ་ནག་ནང་དུའང་དེ་ལྟར་ལག་བསྟར་ཐུབ་ཀྱི་མེད་པ་གསུངས་བྱུང་། མ་ཟད་ཁོང་གིས་དེབ་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་བཏང་ཡོད་སྐོར་བཤད་བཞིན་བོད་ནང་དམ་དྲག་དང་བརྟན་བརླིང་ཆེད་འགྲོ་གྲོན་ཤུགས་ཆེ་གཏོང་བཞིན་པ་ནི་ནང་འགལ་དུ་སོང་བ་ཞིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག

WhatsApp Image 2025-03-29 at 2.00.38 AM.jpeg
བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་ཁྲིད་ཀརྨ་ཚེ་བརྟན་དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འདོན་སྤེལ་སྐབས། ༢༠༢༥།༠༣།༢༨ ཉིན།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་ཐད་གྲངས་ཉུང་མི་རིགས་ལ་བརྒྱ་ཆ་ ༥༧ ས་དམིགས་གོ་སྐབས་ཡོད་ཟེར་བཞིན་ཡོད་པ་ནི་དངོས་ཡོད་གནས་སྟངས་མིན་ཞིང་། ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ཐད་ཚང་མ་གཅིག་མཚུངས་ཡིན་ཟེར་ཡོད་ཀྱང་གཞུང་ཞབས་ཡིག་རྒྱུགས་དང་མཐོ་སློབ་ཚུད་རྒྱུགས་སོགས་སུ་རྒྱ་ཡིག་ཡིག་རྒྱུགས་ལས་བོད་ཡིག་མེད་པ་ནི། ལས་དོན་གང་འདྲ་ཞིག་ཡིན་རུང་རྒྱ་ཡིག་ལས་བོད་ཡིག་ཐོག་སྒྲུབ་མི་ཐུབ་པ་སོགས་ནི་འདྲ་མཉམ་མེད་པ་གསལ་སྟོན་ཐུབ་ཅེས་གསུངས་བྱུང་།

རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་རྒྱབ་ཤ་དཀར་པོའི་ནང་ཚན་དུས་རབས་གསར་པའི་ནང་ཤི་ཙང་ནང་གི་འགྲོ་བ་མིའི་ཐོབ་ཐང་ཞེས་ ‘Human Rights in Xizang (Tibet) in the New Era’ ཞེས་པའི་ནང་། བོད་ནང་གི་བོད་མི་རྣམས་ནས་ཉིན་རེའི་འཚོ་བའི་ཁྲོད་དང་། པར་སྐྲུན། གསར་འགྱུར་བརྒྱུད་ལམ་སོགས་སུ་བོད་སྐད་བཀོལ་སྤྱོད་རྒྱ་ཆེ་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་དང་སྦྲགས། ཕྱི་ལོ་ ༢༠༢༤ ཡི་ལོ་མཇུག་ཏུ། བོད་ནང་བོད་ཡིག་ཐོག་ཡོད་པའི་དུས་དེབ་ ༡༧ དང་ཚགས་ཤོག ༡༡ ཡོད་པ་དེས། བོད་པའི་སྐད་ཡིག་ཐོག་གི་དེབ་ ༨༧༩༤ ཡི་པར་ཐེངས་ས་ཡ་ ༤༦།༨༥ བྱས་ཡོད་པ་བརྗོད་འདུག མ་ཟད་བོད་པའི་སྐད་ཡིག་ཐོག་གི་གསར་འགྱུར་ལས་ཁང་གསར་པ་ཞིག་སྤྱི་ཚོགས་དྲ་ལམ་དུ་མཐོང་རྒྱུ་ཡོད་པ་སོགས་བརྗོད་འདུག་ཅིང་། ཆོས་དད་རང་དབང་དང་འབྲེལ་བོད་ནང་ནང་པའི་གྲྭ་བཙུན་ཞལ་གྲངས་ ༤༦༠༠༠ དང་། ཁ་ཆེ་བ་ ༡༢༠༠༠། ཡེ་ཤུའི་དད་ལྡན་པ་ ༧༠༠ ལྷག་ཡོད་ཅེས་དང་། ནང་པའི་གྲྭ་རྒྱུན་དེ་དག་ལ་བརྟེན་ནས་ནང་ཆོས་དེ་བཞིན་ཆོ་ག་ཕྱག་ལེན་སོགས་བརྒྱུད་ཉར་ཚགས་ཐུབ་ཡོད་ཅིང་། སྟོན་པ་སངས་རྒྱས་པའི་རྗེས་འཇུག་པ་རྣམས་ཚད་མཐོའི་བདེ་འཇགས་བསྐྲུན་ཡོད་པ་སོགས་བཀོད་འདུག

མ་ཟད་བོད་ནང་གི་ཁོར་ཡུག་དང་འབྲེལ། རྒྱ་ནག་གཞུང་ངོས་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དེ་བཞིན་རྟག་ཏུ་གལ་ཆེན་དུ་ངོས་འཛིན་བྱས་ཡོད་ལ། བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ནི་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡར་རྒྱས་ཐད་ལེགས་སྐྱེས་ཡག་ཤོས་ཤིག་ཡིན་སྐོར་བསྐྱར་དྲན་ཡང་སེ་བྱེད་ཀྱི་ཡོད་ཅེས་དང་། བོད་ནི་ད་ལྟའི་ཆར་འཛམ་གླིང་ནང་གི་རང་འབྱུང་ཁོར་ཡུག་ཆེས་ཡག་ཤོས་ཀྱི་གྲས་སུ་ཡོད་པས། རྒྱ་ནག་གཞུང་གིས་བོད་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་རང་དབང་ལའང་ཚད་མཐོའི་སྒོ་ནས་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་བཀོད་འདུག་ལ། རྒྱལ་སྤྱིའི་གསར་འགོད་པ་སོགས་བོད་ནང་དུས་ནམ་ཞིག་ཡོང་ཆོག་ཀྱང་། ས་ཁམས་དང་གནམ་གཤིས་སོགས་ཀྱི་གནད་དོན་ཁག་གཅིག་འོག གཞུང་ངོས་ནས་གལ་ཆེན་དོན་ཆེན་སྒོ་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཡུལ་སྐོར་བ་རྣམས་བོད་ནང་བསྐྱོད་རྒྱུར་ཆ་རྐྱེན་བསྐྲུན་ཡོད། ཕྱི་ལོ་ ༢༠༢༤ ལོའི་ནང་བོད་དུ་རྒཡ་ནག་གི་ཕྱི་ཕྱོགས་ནས་ཡུལ་སྐོར་སྤྲོ་འཆམ་པ་འབུམ་གསུམ་དང་ཁྲི་གཉིས་འབྱོར་ཡོད་པ་སོགས་བཀོད་འདུག

གཞན་ཡང་རྒྱ་ནག་གཞུང་གིས་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་ནང་། རྒྱ་ནག་གཞུང་གིས་ཟླ་ ༣ ཚེས་ ༢༨ ནི་ (Serf Emancipation Day) ཞེས་བོད་ཀྱི་ཞིང་བྲན་མི་མང་བཅིངས་གྲོལ་བཏང་ནས་ལོ་ངོ་ ༦༦ འཁོར་བ་ཟེར་བའི་དུས་དྲན་ནི། ཕྱི་ལོ་ ༢༠༠༩ ཟླ་ ༡ པོའི་ནང་བོད་རང་སྐྱོང་ལྗོངས་ཀྱི་གྲོས་ཚོགས་ནང་བོད་མིའི་སྒེར་ལངས་བྱུང་སྟེ་ཏཱ་ལའི་བླ་མ་བྲོས་བྱོལ་དུ་ཕྱིན་ཏེ་ལོ་ངོ་ ༥༠ འཁོར་བར་དྲན་གསོའི་སླད་སྤྱི་བསྒྲགས་གུང་གསེང་བཏང་ཡོད་ཅིང་། ཉིན་དེར་བོད་ཁྱོན་ཡོངས་སུ་བོད་རང་སྐྱོང་ལྗོངས་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་མདུན་སྐྱོད་བྱེད་བཞིན་པ་དང་འབྲེལ་བའི་རི་མོ་བྲིས་པ་སོགས་བྱེད་སྒོའི་རྣམ་པ་འདྲ་མིན་བརྒྱུད་ཉིན་མོ་དེ་སྲུང་བརྩི་ཞུ་ཡི་ཡོད་ཅེས་བཀོད་འདུག་ལ། (China News Service) རྒྱ་ནག་གི་གསར་འགྱུར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཉིན་དེར་ལྷ་སར་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་ཆོས་ལུགས་འདྲ་མིན་དང་རིགས་རུས་འདྲ་མིན་གྱི་མི་རྣམས་ལྷན་འཛོམས་ཐོག རྒྱལ་དར་སྒྲེང་འཛུགས་དང་རྒྱལ་གླུ་བཏང་བ་སོགས་བརྒྱུད། བོད་ནང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་སྐོར་གྱི་དུས་དྲན་ཐེངས་ ༦༦ པ་སྲུང་བརྩི་ཞུས་ཡོད་སྐོར་བཀོད་ཡོད་པ་རེད།

འདི་ཚེས་ ༢༨ ཉིན་བོད་ནང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་སྐོར་གྱི་དུས་དྲན་སྲུང་བརྩི་ཞུས་པ་དང་བསྟུན། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་ཟེར་བས། དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་ཏེ་གསར་འགོད་པའི་བཅར་འདྲིར་ལན་འདེབས་སྐབས། བོད་ནང་རྒྱ་ནག་གཞུང་གིས་ཆེད་བཙུགས་བྱས་པའི་བཅའ་སྡོད་སློབ་གྲྭ་དེ་དག་གིས། ལུང་ཁུག་ཏུ་གནས་སྡོད་བྱེད་མཁན་གྱི་སློབ་མ་རྣམས་ལ་སློབ་སྦྱོང་སྤྲད་དེ་ཕན་ཐོགས་ཆེན་པོ་སྒྲུབ་བཞིན་ཡོད་སྐོར་དང་། ལུང་ཁུག་ནས་ཡོང་བའི་སློབ་མ་རྣམས་ཀྱི་དཀའ་ངལ་སེལ་སླད་རྒྱ་ནག་གཞུང་གི་ཤེས་ཡོན་དང་འབྲེལ་བའི་བཅའ་ཁྲིམས་དགོངས་དོན་བཞིན་སློབ་མ་རྣམས་ལ་སློབ་དོད་དང་ཁང་དོད་སོགས་མཁོ་སྤྲོད་བྱེད་ཀྱི་ཡོད་ཅིང་། ཕ་མ་དང་ཕྲུ་གུ་ཚོས་སློབ་འཇུག་ཐད་འདོད་མོས་བཞིན་བྱེད་ཆོག་ཅིང་། གུང་གསེང་སྐབས་ཕྲུ་གུ་རྣམས་རང་ཁྱིམ་དུ་འགྲོ་ཆོག་པ་སོགས་ (CCTV Video News Agency) བརྒྱུད་ཐད་གཏོང་བཏང་སྟེ་བཅའ་སྡོད་སློབ་གྲྭའི་གལ་གནད་གསལ་སྟོན་བྱས་ཡོད་ཀྱང་། སྔ་ལོའི་ཟླ་ ༤ ཚེས་ ༢༧ ཉིན་རྒྱ་ནག་གཞུང་གིས་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་བརྡལ་ (尺犊镇) གྱི་བཅའ་སྡོད་སློབ་གྲྭའི་སློབ་མ་རྣམས་རང་ཁྱིམ་དུ་མ་གཏང་སྟབས། སློབ་གྲྭའི་ལྕགས་སྒོའི་འགྲམ་དུ་ཕྲུ་གུའི་ཕ་མ་ཚོས་པུས་མོ་ས་ལ་བཙུགས་པ་དང་ལག་གཉིས་ཐལ་མོ་སྦྱར་ནས་སློབ་གྲྭའི་འགོ་ཁྲིད་ལ་སློབ་མ་རྣམས་ཕྱིར་གཏོང་རོགས་ཞེས་ངུ་འབོད་དང་བཅས་ཞུ་འབོད་གནང་བཞིན་པའི་བརྙན་ཞིག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལག་སོན་བྱུང་ཡོད་ལ། སྔ་ལོའི་ཟླ་ ༩ ནང་རྒྱ་ནག་གཞུང་གིས་བཙན་གྱིས་དམུ་དགེ་གྲོང་རྡལ་གྱི་ས་གནས་གཞུང་གཉེར་སློབ་གྲྭར་བཅུག་པའི་གྲྭ་ཆུང་ལྔ་ཡིས། སློབ་གྲྭར་བཙན་ཐབས་ཀྱིས་ཆབ་སྲིད་སློབ་གསོ་སྤྲོད་པ་དང་། ཟ་མ་ཡག་པོ་མི་སྤྲོད་པར་བཅར་རྡུང་སོགས་བྱས་རྐྱེན། ས་གནས་དེའི་གྲྭ་ཆུང་ ༥ ཡིས་སློབ་གྲྭར་སྡོད་བཟོད་མ་ཐུབ་པར། ཉེ་འཁོར་ཟུང་ཆུ་རྫོང་གི་ཟུང་ཆུ་གཙང་པོའི་ནང་རང་ཤི་རྒྱག་ཐབས་བྱས་པར། ས་གནས་ཡུལ་མི་ཚོས་ཤེས་རྟོགས་བྱུང་སྟེ་བཀག་འགོག་བྱས་ཡོད་པ་བོད་ནང་གི་འབྲེལ་ཡོད་བོད་མི་གཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད།

ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༡༠ ཉིན་བཏོན་པའི་རྒྱ་ནག་གཞུང་གིས་བོད་སྐོར་ལ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་དེའི་ནང་། བོད་ནང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། བོད་ནང་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་གྲུབ་འབྲས་མངོན་གསལ་དོད་པ། མི་རིགས་ཆོས་ལུགས་ཀྱི་ལས་དོན་ལ་གྲུབ་འབྲས་བྱུང་བ། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་ཡར་རྒྱས་ཡོད་པ། སྐྱེ་ཁམས་བདེ་འཇགས་ཉིན་བཞིན་སྲ་བརྟན་དུ་སོང་བ། དམངས་གཙོ་དང་ཁྲིམས་ཀྱིས་སྐྱོང་བར་་ཤུགས་སྣོན་བརྒྱབ་པ་བཅས་བཀོད་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།






བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎