རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཡིག་ཡར་རྒྱས་བཏང་སྐོར་བཤད་པར་བོད་མི་ཚོས་དྲ་ལམ་ཁག་ཏུ་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་འཁྲིད་དགོས་པའི་ཡ་ལན་སློག་བཞིན་འདུག

2025.04.01
རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཡིག་ཡར་རྒྱས་བཏང་སྐོར་བཤད་པར་བོད་མི་ཚོས་དྲ་ལམ་ཁག་ཏུ་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་འཁྲིད་དགོས་པའི་ཡ་ལན་སློག་བཞིན་འདུག རྒྱ་ནག་གཞུང་གིས་བོད་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་ལས་བོད་ཀྱི་སྐད་ཡིག་ཡར་རྒྱས་ཕྱིན་པའི་སྐོར་བཤད་པར་བོད་མི་ཚོས་དྲ་ལམ་དུ་ཡ་ལན་སློག་བཞིན་པ།
RFA/སྒྲིག་བཟོ།

ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༨ ཉིན་རྒྱ་ནག་གཞུང་གིས་བོད་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་ཅེས་པ་འགྲེམས་སྤེལ་དང་འབྲེལ། བོད་རང་སྐྱོང་ལྗོངས་དྲིལ་བསྒྲགས་ལས་ཁུངས་ཀྱི་མགོ་གཙོ་ཝེང་ཧའེ་ཀྲོ (Wang haizhou) ཟེར་བས། རྒྱ་ནག་གིས་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་ནང་དུ་བོད་ཡིག་དེ་བཞིན་རྒྱལ་སྤྱིའི་སྟེང་ངོས་ལེན་ཡོད་པའི་རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཨང་དང་པོ་དེ་ཡིན་སྐོར་བརྗོད་པར། བོད་མི་ཚོས་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་སྐད་ཡིག་སློབ་གྲྭ་ཁག་ཚང་མས་ནང་སློབ་འཁྲིད་དགོས་པ་དང་། རྒྱ་ནག་གི་ལོ་རེའི་མཐོ་རྒྱུགས་ཡིག་ཚད་ནང་བོད་ཡིག་དགོས་པ། སྲིད་གཞུང་གིས་བོད་སྐད་ཡིག་ཡག་པོ་ཡོད་པ་བཤད་པ་ཙམ་མ་ཡིན་པར་དོན་དངོས་ལག་ལེན་ཁྲོད་བོད་སྐད་ཡིག་བཀོལ་སྤྱོད་ཁྱབ་རྒྱ་ཆེ་རུ་གཏོང་དགོས་པ་དང་། སློབ་གྲྭ་ཁག་ནང་བོད་སྐད་ཡིག་སློབ་ཁྲིད་བསྐྱར་གསོ་གནང་རོགས་སོགས་ཀྱི་མཆན་བཏབ་སྟེ་ཡ་ལན་སློག་བཞིན་འདུག

རྒྱ་ནག་གཞུང་འབྲེལ་དྲིལ་བསྒྲགས་ལས་ཁུངས་ཀྱིས་བོད་སྐད་ཡིག་དེ་བཞིན་ད་ལྟའི་དུས་ཚོད་འདི་ལྟ་བུ་ཡར་རྒྱས་ཕྱིན་མྱོང་མེད་པ་དང་། ད་ལྟ་རྒྱ་ནག་གཞུང་གི་དཀའ་དྲིན་འོག་བོད་ཡིག་གི་བརྙན་འཕྲིན་དང་ཚགས་པར། དུས་དེབ་སོགས་ཤུགས་ཆེ་དར་ཡོད་སྐོར་བཤད་འདུག་ལ། བརྙན་དེར་ཞབས་མཆན་ ༤༠༠ ལྷག་བཏབ་ཡོད་པ་ལས། བོད་མི་མང་དག་ཅིག་ནས་བོད་སྐད་ཡིག་མཐོ་རྒྱུགས་འཛུལ་ཞུགས་ཀྱི་ཡིག་ཚད་ནང་དགོས་པའི་འབོད་སྐུལ་བྱེད་བཞིན་འདུག་ལ། བོད་མི་ཞིག་ནས་བོད་ཡིག་ནི་ཚད་ལྡན་གྱི་སྐད་ཡིག་ཅིག་ཡིན་པས། མ་འོངས་པར་བོད་ཀྱི་སློབ་གྲྭ་ཁག་ཚང་མས་ནང་བོད་སྐད་ཡིག་སློབ་ཁྲིད་བྱེད་པའི་རེ་བ་ཡོད་དང་། ཡང་བོད་མི་གཞན་ཞིག་ནས་སྲིད་གཞུང་གི་སྙན་ཐོའི་ནང་གསལ་བ་བཞིན་བོད་སྐད་ཡིག་ཡག་པོ་ཡོད་པ་ངོས་འཛིན་དང་འབྲེལ་ལག་ལེན་དངོས་ཐོག་ཁྱབ་སྤེལ་བཅུག་རོགས་དང་། བོད་མི་གཞན་ཞིག་ནས་བོད་སྐད་ཡིག་དེ་སྲིད་གཞུང་གི་ལས་དོན་ནང་བེད་སྤྱོད་དགོས་སྐོར་སོགས་ཀྱི་བསམ་ཚུལ་བརྗོད་བཞིན་འདུག

སྤྱིར་འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་སྐད་ཡིག་དང་འབྲེལ་བའི་གནད་དོན་སྐབས། སྲིད་གཞུང་གིས་བོད་ཡིག་གི་དྲ་རྒྱ་དང་ཚགས་པར། བརྙན་འཕྲིན་ཡོད་པ་སོགས་བསྒྲགས་ནས་རྒྱ་ནག་གཞུང་འབྲེལ་ངོས་ནས་བོད་སྐད་ཡིག་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ཁག་སྦས་ཐབས་བྱེད་བཞིན་ཡོད་ན་ཡང་། འདི་ལོ་རྒྱ་ནག་གཞུང་གིས་བོད་སྐད་ཡིག་དེ་རྒྱལ་སྤྱིའི་རང་བཞིན་གྱི་ངོས་འཛིན་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཞེས་པར་ངོས་འཛིན་བྱས་ཡོད་སྐོར་བཤད་པར། བོད་མི་ཚོས་དོན་དངོས་ལག་ལེན་དངོས་ཀྱི་ཐོག་ནས་ཁྱབ་སྤེལ་དགོས་པའི་བསམ་ཚུལ་གླེང་སློང་བྱས་པ་ཞིག་ཆགས་ཡོད་པ་དང་། ཞབས་མཆན་དེ་དག་ཁྲོད་མང་ཆེ་བས་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་འཁྲིད་དགོས་པའི་སྐོར་དང་། བོད་སྐད་ཡིག་མཐོ་རྒྱུགས་ཀྱི་ཡིག་ཚད་དང་མཐོ་རིམ་སློབ་གྲྭའི་སློབ་ཚན་ནང་བསྐྱར་གསོ་དགོས་པའི་སྐོར་ཡིན་ན་ཡང་། བོད་མི་ཞིག་ནས་རྒྱ་ནག་གཞུང་ནས་མ་འོངས་པར་བོད་རང་སྐྱོང་ལྗོངས་གཙོས་བོད་ཀྱི་ས་ཁུལ་ཡོངས་ཀྱི་སྔོན་འགྲོ་སློབ་གྲྭ་དང་། སློབ་གྲྭ་ཆུང་འབྲིང་ནང་བོད་ཡིག་སློབ་ཁྲིད་བྱེད་བཅུག་པའི་རེ་བ་ཡོད་ཅེས་དང་། གཞན་ཞིག་ནས་བོད་ཡིག་དེ་བཞིན་མ་འོངས་པར་གཞུང་ཞབས་ཡིག་རྒྱུགས་ཁྲོད་བཅུག་རོགས་སོགས་ཀྱི་ཞུ་སྐུལ་ཤུགས་ཆེར་བྱེད་བཞིན་འདུག

ཕྱི་ལོ་ ༢༠༡༣ ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ནང་བོད་སྐད་ཡིག་རྩ་མེད་དང་། ཕྱི་ལོ་ ༢༠༢༥ ལོ་ནས་རྒྱ་ནག་གི་མཐོ་རྒྱུགས་ཡིག་ཚད་ཁྲོད་བོད་ཡིག་མེད་པ་བཟོས་པ། མདོ་སྟོད་སྨད་གཉིས་གཙོས་བོད་ས་ཡོངས་སུ་བོད་སྐད་ཡིག་སློབ་གནས་སྒེར་གཉེར་སློབ་གྲྭ་ཁག་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུང་ལག་བསྟར་དང་། བོད་སྐད་ཡིག་དང་འབྲེལ་བའི་ཆེད་མཁས་པ་དང་རྩོམ་པ་པོ། དགེ་རྒན། ཤེས་ཡོན་པ་སོགས་འཛིན་བཟུང་བཙོན་འཇུག་གིས་དམ་དྲག་ཤུགས་ཆེ་བྱས་ཡོད་པ་རེད་ལ། ཐེངས་འདིར་རྒྱ་ནག་གཞུང་གིས་བོད་སྐད་ཡིག་ཡག་པོ་ཡོད་པར་བཤད་པ་དང་འབྲེལ། བོད་མི་ཚོས་སྤྱི་ཚོགས་དྲ་ལམ་དུ་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་གནད་དོན་དེ་དག་དོན་དངོས་མིན་པའི་ཡ་ལན་ལྟ་བུ་ཆགས་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྣམ་རྒྱལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎