ཀོ་རི་ཡའི་དམག་གྲུ་གཏོར་སྐྱོན་བཏང་དོན་རྒྱ་ནག་གི་རྣམ་འགྱུར།
2010.05.28
༄༅༎རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་དེང་སྐབས་ཀོ་རི་ཡར་ལྷོ་མའི་ནང་འཚམས་འདྲིར་བསྐྱོད་བཞིན་པ་ལྟར། དེ་རིང་ཁོང་གིས་ཀོ་རི་ཡ་ལྷོ་མའི་དམག་གྲུ་གཏོར་སྐྱོན་བཏང་བའི་ཉེས་འཛུགས་བྱེད་པའི་གྱོད་དོན་དེར་རྒྱ་ནག་ཕྱོགས་ནས་རྒྱབ་སྐྱོར་དང་སྲུང་སྐྱོབ་གང་ཡང་བྱེད་ཀྱི་མ་རེད་ཅེས་བཤད་ཡོད་པ་རེད།
ལྦེན་ཅ་བའོ་ཡི་སྐད་ཆ་དེ་ནི་ཀོ་རི་ཡ་ལྷོ་མའི་སྲིད་འཛིན་ལི་མང་སྦཀ་དང་མཇལ་འཕྲད་གནང་བའི་སྐབས་བཤད་ཡོད་པ་སྲིད་འཛིན་ལི་གྱི་མགྲིན་ཚབ་པས་གསུང་ཡོད་པ་དང༌། ཀོ་རི་ཡ་ལྷོ་མའི་དམག་གྲུ་གཏོར་སྐྱོན་བཏང་བའི་དོན་རྐྱེན་དེའི་ཐོག་ནས་ཀོ་རི་ཡ་ལྷོ་བྱང་གཉིས་བར་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་ཅིང༌། དེ་ཡང་ཉེ་ཆར་ཕྱི་ཟླ་གསུམ་པའི་ཚེས་༢༦ཉིན་ཀོ་རི་ཡའི་ལྷོ་མའི་དམག་གྲུ་ཞིག་ལ་གཏོར་སྐྱོན་ཕོག་ནས་འདིམས་ཏེ་མི་༤༦རྐྱེན་ལམ་དུ་ཕྱིན་པའི་བྱེད་ལྟེ་ཀོ་རི་ཡ་བྱང་མ་ཡིན་པ་ལྷོ་རི་ཡ་དང་རྒྱལ་སྤྱིའི་ཞིབ་འཇུག་པས་ཉེས་འཛུགས་བྱེད་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ནང་གི་གཏན་འཇགས་ཚོགས་མི་ལྔའི་ནང་ནས་གཅིག་རྒྱ་ནག་ཡིན་པར་བརྟེན་ནས་ཀོ་རི་ཡ་ལྷོ་མས་ཕྱི་འབྲེལ་གྱི་འབྲེལ་ལམ་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ནས་ཀོ་རི་ཡ་བྱང་མར་སྐྱོན་འཛུགས་བྱེད་པར་རྒྱ་ནག་གི་རྒྱབ་སྐྱོར་འཚོལ་ཐབས་བྱེད་བཞིན་ཡོད་པ་རེད། ཡིན་ནའང་དེ་རིང་ལྦེན་ཅ་བའོ་ཡིས། རྒྱ་ནག་གཞུང་ཕྱོགས་ནས་དོན་རྐྱེན་དེའི་ཐོག་ལ་རྒྱལ་སྤྱིའི་དཔང་རྟགས་རྣམས་ཟབ་ནན་གྱིས་བསྐྱར་ཞིབ་བྱ་རྒྱུ་དང་དོན་རྐྱེན་དེར་ཛ་དྲག་པོ་ཞིག་དང་ཉེན་ཚབས་ཆེ་བའི་བལྟ་ཚུལ་འཛིན་མཁན་གྱི་རྒྱལ་ཁབ་ཚོའི་བསམ་ཚུལ་རྣམས་ལ་བསམ་ཞིབ་བྱ་རྒྱུ་ཡིན་ཞེས་དང༌། ཡིན་ནའང་ཞིབ་འཇུག་ཀྱི་ལས་དོན་གྲུབ་འབྲས་ལ་གཞིགས་ཏེ་གནད་དོན་དེར་འགྲུབ་བྱའི་དམིགས་ཡུལ་དང་དྲང་བདེན་དང་ལྡན་པའི་ཐོག་ནས་བྱ་ཐབས་འཛིན་རྒྱུ་ལས་རྒྱ་ནག་ཕྱོགས་ནས་སུ་འདྲ་ཞིག་ལ་སྲུང་སྐྱོབ་བྱེད་ཀྱི་མ་རེད་ཅེས་བཤད་ཡོད་པ་རེད།