ཨ་མི་རི་ཀའི་བོད་དོན་ཆེད་ཁྲིམས་ཡིག་གཏན་འབེབས་གནང་བར་བོད་མི་ཚོས་དགའ་བསུ་དང་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་འདུག

2024.07.15

ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ནང་གཏན་འབེབས་བྱུང་བའི་བོད་དོན་ཁྲིམས་ཡིག་ལ་སྤྱི་ཟླ་༧པའི་ཚེས་༡༢ཉིན་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་མཆོག་གིས་མཚན་རྟགས་བསྐྱོན་པའི་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་གཙོས་ཚོགས་སྡེ་ཁག་དང་མི་སྒེར་བཅས་གང་ས་ནས་དགའ་བསུ་ཞུས་ཡོད་པ་དང་། ཨ་རིའི་བྱང་ཀེ་ལི་ཧྥོར་ནི་ཡ་(California)་ས་གནས་བོད་མི་ཚོས་ཕྱི་ཟླ་༧ཚེས་༡༤ཉིན་དགའ་སྤྲོའི་འདུ་འཛོམས་གནང་ཡོད་པ་དང་། ཀེ་ལི་ཧྥོར་ནི་ཡའི་ས་གནས་ཀྱི་ཚོགས་གཙོ་སྤྱིན་པ་མཐར་ཕྱིན་ལགས་ཀྱིས་ད་རེས་བོད་དོན་ཁྲིམས་འཆར་དེ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཁྲིམས་ཡིག་གཏན་འབེབས་གནང་ཐུབ་པར་དགའ་སྟོན་རྟེན་འབྲེལ་གྱི་ཚུལ་དུ། ས་གནས་བོད་མི་ཚོས་ཆོས་ཕྱོགས་ཀྱི་མཛད་སྒོ་དང་། མི་མང་ཚོས་ཞལ་ལག་བསྣམས་ཕེབས་ཏེ་དགའ་སྟོན་ལ་རོལ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཡང་ཁོང་གིས་དེ་ནི་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གཙོ་བོར་གྱུར་བའི་ལས་ཀྱི་སྣེ་མོ་བ་ཚོ་དང་། དེ་བཞིན་བྱང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་སོགས་པའི་རྒྱ་ཆེའི་བོད་མི་ཚོས་ནུས་པ་མཉམ་སྤུངས་གི་ཐོག་ནས་ལས་འགུལ་སྤེལ་བར་བརྟེན་ནས་ཨ་མི་རི་ཀའི་གཞུང་དམངས་གཉིས་ཀས་དེར་རྒྱབ་སྐྱོར་ཤུགས་ཆེ་ཞིག་གནང་བ་ཡིན་ལུགས་གསུངས་བྱུང་།
ཨ་རིའི་སྲིད་འཛིན་(Joe Biden)་མཆོག་གིས་བོད་དོན་ཁྲིམས་ཡིག་ལ་མཚན་རྟགས་བསྐྱོན་པའི་རྗེས། རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གཞུང་གིས་ཨ་མི་རི་ཀར་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་ཡོད་ཅིང་། དེའི་ནང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་བོད་སྐོར་གྱི་ཁྲིམས་ཡིག་ཟེར་བ་དེ་ནི། ཨ་མི་རི་ཀའི་གཞུང་གིས་ཡུན་རིང་ནས་བཟུང་བའི་ལངས་ཕྱོགས་དང་། དམ་བཅའ་ལས་འགལ་བ་མ་ཟད། ད་དུང་རྒྱལ་སྤྱིའི་འབྲེལ་ལམ་ལ་ཁ་ལོ་སྒྱུར་བའི་གཞི་རྩའི་ལམ་ལུགས་དང་འགལ་བ། རྒྱ་ནག་ནང་ཁུལ་གྱི་ལས་དོན་ལ་ཐེ་བྱུས་ཚབས་ཆེན་བྱེད་པ། རྒྱ་ནག་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་སྐྱོན་གཏོང་བ། བོད་རང་བཙན་གྱི་དཔུང་སྡེར་ནོར་འཁྲུལ་གྱི་བརྡ་ལན་ཚབས་ཆེན་སྤྲད་པ་བཅས་ཡིན་ཚུལ་བཤད་འདུག
དེ་བཞིན་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཉིན་དེར་གསལ་བསྒྲགས་སྤེལ་པའི་ནང་། ཨ་མི་རི་ཀའི་སྲིད་གཞུང་གིས་བོད་དོན་སྐོར་གྱི་ཁྲིམས་འཆར་གཏན་འབེབས་བྱས་པ་དང་། སྲིད་འཛིན་གྱིས་ཁྲིམས་ཡིག་དེར་མིང་རྟགས་བཀོད་པར་རྒྱ་ནག་གཞུང་གིས་ངོ་རྒོལ་དང་སྐྱོན་བརྗོད་ཤུགས་ཆེ་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།


གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎