སྲིད་སྐྱོང་མཆོག་ཨ་རིར་ཆེད་ཕེབས་ཀྱིས་ཨ་རིའི་རྒྱལ་སར་གཞུང་དང་གྲོས་ཚོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་བཞིན་པ།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ཟླ་ ༧ ཚེས་ ༢༢ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་འབྱོར་གྱིས། ཨ་རིའི་གཞུང་གི་མི་སྣ་དང་གྲོས་ཚོགས་ཀྱི་འཐུས་མི་མང་པོར་མཇལ་འཕྲད་གནང་སྟེ། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལམ་ལྷོངས་ཡོང་བར་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་བཀའ་དྲིན་ཆེ་ཞེས་དང་། ཕྱི་ཟླ་ ༧ ཚེས་ ༢༩ ཉིན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་ཡིན་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ད་རེས་ཨ་མི་རི་ཀའི་རྒྱལ་སར་ཕྱོགས་ཕེབས་གནང་པ་འདི་ནི། ཨ་མི་རི་ཀའི་བོད་དོན་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་གཏན་འབེབས་གནང་པ་འདིར་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་སྐྱོན་ཏེ་རྒྱལ་ཁབ་ཀྱི་ལག་བསྟར་ཁྲིམས་ཡིག་ཏུ་འགྱུར་རྗེས་འདིར་ཕེབས་ཐེངས་དང་པོ་དེ་ཆགས་ཡོད་པ་རེད། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རེས་གཟའ་ཟླ་བ་ནས་ཕུར་བུའི་བར་ཨ་རིའི་རྒྱལ་སའི་ཁུལ་དུ་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་ཅིག་དང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གནད་ཡོད་མི་སྣ་བཅས་དང་མཇལ་འཕྲད་དང་རེས་གཟའ་ལྷག་པ་ཕྱི་ཚེས་ ༢༤ ཉིན་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་གདན་ཞུ་ཕུལ་བ་ལྟར། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་གཏན་འབེབས་བྱུང་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཚོགས་རྒྱུ་རེད་འདུག དེ་ནས་གཟའ་མཇུག་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་གདན་ཞུས་འོག་(Wisconsin)་དང་། (Minnesota) (Chicago)་བཅས་སུ་ཕེབས་རྒྱུའི་མཛད་རིམ་ཡོད་པ་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཁེ་ན་ཌར་ཕྱོགས་ཕེབས།
སྤྱི་ཟླ་ ༧ ཚེས་ ༢༠ ཉིན་ཁེ་ཎ་ཌའི་ཨོན་ཊེ་རིའོ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་འགྲུབ་བྱུང་པ་དང་། སྐུའི་ཞབས་པུས་འཕྲོད་བཞེས་རྗེས་སུ་དྭངས་སྐྱེད་ཕེབས་བཞིན་པའི་དགའ་སྟོན་དང་། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་ཁྲིམས་སུ་གྱུར་པ། ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་ནང་བོད་མི་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལྡན་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་པ་བཅས་ཀྱི་དགའ་སྟོན་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཆེད་ཕེབས་ཀྱིས་གཏམ་བཤད་གནང་སྐབས། སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་བྱུས་དང་ཐབས་བྱུས་སྐོར་ངོ་སྤྲོད་དང་། བོད་འདི་ལོ་རྒྱུས་ཐོག་ནས་རང་བཙན་གྱི་མངའ་དབང་ལྡན་པ་ཡིན་པའི་གནས་སྟངས་དང་འབྲེལ་ད་རེས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་ཐད་སྐུ་ལས་བསྐྱོན་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག
གཞན་ཡང་མཛད་སྒོའི་ཐོག ཁེ་ཎ་ཌའི་དབུས་གྲོས་ཚོགས་ཀྱི་འཐུས་མི་དང་ཁྲིམས་དོན་བློན་ཆེན་གཞོན་པ་སྐུ་ཞབས་ཇེམ་སེ་མ་ལོ་ནི་(James Maloney)་ལགས། དམིགས་བསལ་སྐུ་མགྲོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དབུས་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་གུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས། ཁེ་ཎ་ཌའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་བཅས་ཁྱོན་མི་གྲངས་བརྒྱད་བརྒྱ་ལྷག་མཉམ་འཛོམས་སར་ཨོན་ཊེ་རིའོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གླང་དཀར་བསོད་ནམས་ལགས་ཀྱིས་དགའ་བསུ་ཞུས་གནང་ཡོད་པ་རེད།

མཛད་སྒོའི་སྐུ་མགྲོན་གཙོ་བོ་ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་གཞོན་པ་སྐུ་ཞབས་ཇེམ་སེ་མ་ལོ་ནི་ལགས་ཀྱིས། ཁེ་ཎ་ཌའི་དབུས་གཞུང་གི་གྲོས་ཚོགས་འོག་མའི་ནང་བོད་མི་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་གྲོས་ཆོད་བཞག་པ་དང་། ཨ་རིའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་གཉིས་ལ་རྒྱབ་སྐྱོར་ཐོབ་པ་དེ་ནི་བོད་མི་ཐུན་མོང་གིས་དཀའ་ལས་བརྒྱབས་པའི་འབྲས་བུ་ཞིག་ཡིན་པ་བཞིན། ཁོང་དང་འབྲེལ་ཡོད་འཐུས་མི་ཚོས་གང་གནང་དགོས་མིན་ཐད་དགོངས་བཞེས་གནང་པའི་ཐོག་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་གཏམ་བཤད་གནང་སོང་།
ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ནང་གཏན་འབེབས་བྱུང་བའི་བོད་དོན་ཁྲིམས་ཡིག་ལ་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden) མཆོག་གིས་མཚན་རྟགས་བསྐྱོན་པའི་རྗེས། བོད་མིའི་སྒྲིག་འཛུགས་ཀྱིས་དབུས་འཛམ་གླིང་གི་ཡུལ་གྲུ་གང་སའི་ཚོགས་སྡེ་ཁག་དང་མི་སྒེར་བཅས་ཀྱིས་རྣམ་པ་འདྲ་མིན་གྱི་ཐོག་ནས་དགའ་བསུ་དང་ཨ་རིའི་གཞུང་ལ་ཐུགས་རྗེ་ཆེ་ཞུས་དང་ཞུ་བཞིན་ཡོད་པ་རེད།

གསར་འགོད་པ། བདེ་ཆེན་དབང་མོ། ཨྱོན། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།