ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ཐོག་སླར་ཡང་བགྲོ་གླེང་གིས་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་བྱུང་འདུག

2024.06.12
ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ཐོག་སླར་ཡང་བགྲོ་གླེང་གིས་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་བྱུང་འདུག ཨ་རིའི་གྲོས་ཚོགས་འོག་མའི་ནང་བསྐྱར་དུ་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ཐད་བགྲོ་གླེང་གིས་གཏན་འབེབས་གནང་སྐབས། ༠༦།༡༢།༢༠༢༤
house.gov

Updated: June 13, 2024 10:44 A.M. IST 

ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་ཡང་བསྐྱར་བགྲོ་གླེང་རྗེས་ཚད་མཐོའི་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་ནས་གཏན་འབེབས་བྱུང་འདུག
ཨ་མ་རི་ཀའི་གྲོས་ཚོགས་འོག་མའི་ནང་ཕྱི་ཟླ་༦ཚེས་༡༡ཉིན་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ཐད་བསྐྱར་དུ་བགྲོ་གླེང་གནང་ཞིང་། ཚེས་༡༢ཞོགས་པ་གཏན་འབེབས་ཆེད་འོས་ཤོག་བླུགས་སྐབས། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་གྲངས་ ༣༩༡ ཀྱིས་རྒྱབ་སྐྱོར་གནང་བ་དང་། འཐུས་མི་གྲངས་༢༦གིས་དགག་བྱ་གནང་བ། འཐུས་མི་ ༡༤ཡིས་འོས་མ་བླུགས་པ་བཅས་འོས་ཤོག་གི་གྲུབ་འབྲས་སུ་བོད་དོན་སེལ་བའི་ཁྲིམས་འཆར་དེར་ཚད་མཐོའི་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་པའི་ཐོག་ནས་གཏན་འབེབས་བྱུང་འདུག་ལ། ད་ཆ་བོད་དོན་ཁྲིམས་འཆར་དེར་ཨ་རིའི་སྲིད་འཛིན་འཇཱོ་བྷཡེཌན་(Joe Biden)་མཆོག་གིས་མཚན་རྟགས་སྐྱོན་རྒྱུ་ལས་ལྷག་མེད་པ་དང་། མཚན་རྟགས་སྐྱོན་རྗེས་ཨ་རིས་ལག་བསྟར་བྱེད་དགོས་པའི་ཁྲིམས་སུ་འགྱུར་གྱི་ཡོད་པ་རེད།

tib-chian bill tib (1).png
སྒྲིག་བཟོ་མཁན། ནོར་བུ་སྒྲོལ་མ། /RFA
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། སྤྱིར་བཏང་ཡིན་ན་གྲོས་ཚོགས་གོང་འོག་ནས་ཐག་ཆོད་བྱུང་བའི་ཁྲིམས་འཆར་ཁག་ཉིན་གྲངས་བཅུའི་ནང་ཚུད་སྲིད་འཛིན་ལས་ཁུངས་སུ་སྲིད་འཛིན་གྱི་མཚན་རྟགས་སྐྱོན་ཆེད་གཏོང་དགོས་ཀྱི་ཡོད་པས། གང་མགྱོགས་སྲིད་འཛིན་མཆོག་གིས་མཚན་རྟགས་སྐྱོན་པའི་རེ་བ་གནང་བཞིན་ཡོད་པ་གསུངས་བྱུང་།
ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཏྲོན་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཁང་ལ་གནད་དོན་དེའི་སྐོར་བཀའ་འདྲི་ཞུས་པར། གཞུང་ཚབ་ཁང་གི་མགྲིན་ཚབ་པ་ Liu Peng Yu ལགས་ཀྱིས། བོད་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་འཁྲུལ་མེད་ཅིག་ཡིན་སྟབས། ཕྱི་ཕྱོགས་ཀྱི་རྒྱལ་ཁབ་དང་སྟོབས་ཤུགས་གང་གིས་ཀྱང་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་དབང་མེད་པ་རེད་ལ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་དེ་ཆབ་སྲིད་ཀྱི་གནད་དོན་ལ་བརྟེན་བཙན་བྱོལ་དུ་ཕྱིན་ཡང་། ཆོས་ལུགས་པ་ཡིན་པའི་ཟོལ་གྱིས་བོད་རྒྱ་ནག་ཁ་བྲལ་གཏོང་ཐབས་ཀྱི་དམིགས་ཡུལ་བཅངས་ཏེ་ལས་འགུལ་ཡུན་རིང་སྤེལ་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཏཱ་ལའི་ཁ་བྲལ་ཕྱོགས་ཁག་གི་རང་བཞིན་དངོས་སུ་མཐོང་ཐུབ་པའི་བརྒྱུད། རྒྱ་ནག་གི་ལངས་ཕྱོགས་དང་གཞི་རྩའི་འདོད་མོས་ལ་གུས་བརྩི་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད། ཅེས་དང་།
ང་ཚོས་ཨ་རིའི་ཕྱོགས་ནས་བོད་དང་འབྲེལ་བའི་གནད་དོན་བེད་སྤྱད་དེ་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་དང་།  བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་གནོད་སྐྱོན་གཏོང་བའི་ལས་འགུལ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་ལ། དེ་བཞིན་ཨ་རིས་བོད་རང་བཙན་གྱི་ལས་འགུལ་སྤེལ་མཁན་ཚོར་སྡིངས་ཆ་སྤྲད་དེ་རྒྱ་ནག་ལ་རྒོལ་བའི་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་མི་ཡོང་བ་བྱ་རྒྱུ་དང་། གལ་ཏེ་དགོས་མཁོ་བྱུང་ཚེ་རྒྱ་ནག་ཕྱོགས་ནས་རང་གི་ཁེ་ཕན་སྲུང་སྐྱོབ་ཆེད་ཐབས་ལམ་གང་ཡོད་ལག་བསྟར་བྱ་རྒྱུ་ཡིན་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་བརྒྱུད་འགྲེལ་བརྗོད་གནང་བྱུང་། 

སྤྱིར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་གཏན་འབེབས་བྱུང་ཡོད་ཀྱང་། སྤྱི་ཟླ་༥ཚེས་༢༣ཉིན་གྲོས་ཚོགས་གོང་མའི་ནང་གཏན་འབེབས་སྐབས་ཁྲིམས་འཆར་གྱི་ཚིག་བརྗོད་ལ་འགྱུར་བ་ཕྲན་བུ་བཏང་ཡོད་པར་བརྟེན། འདི་ཚེས་༡༡ཉིན་ཁྲིམས་འཆར་དེ་ཡང་བསྐྱར་ཨ་རིའི་གྲོས་ཚོགས་འོག་མའི་ནང་བསྣམས་ཕེབས་ཏེ་བགྲོ་གླེང་གནང་ཡོད་པ་དང་། སྐབས་དེར་ཨ་རིའི་གྲོས་ཚོགས་འོག་མིའི་ནང་བགྲོ་གླེང་སྐབས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཡེཀེལ་མེཀཽལ་ (Michael McCaul) ལགས་ཀྱིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་(S-138)་ལ་མུ་མཐུད་དུ་རྒྱབ་སྐྱོར་གྱི་གཏམ་བཤད་གནང་བ་དང་། རྒྱ་ནག་གཞུང་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་འཁྱོག་བརྗོད་བྱེད་བཞིན་པ་དེར་ཨ་རིའི་གཞུང་གིས་རྩ་བ་ནས་ཁས་ལེན་བྱས་མྱོང་མེད་ཅེས་བརྗོད་འདུག
གསར་འགོད་པ། ཀླུ་འབུམ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎